ཁྲེན་ཀོང་ཀྲི་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་འདྲི་རྨེད་ཨུ་ལྷན་གྱི་བརྟག་ཞིབ་ཚོགས་ཆུང་ཁྲིད་ནས་རང་ཁུལ་དུ་བརྟག་ཞིབ་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2021-10-11

ཁྲེན་ཀོང་ཀྲི་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་འདྲི་རྨེད་ཨུ་ལྷན་གྱི་བརྟག་ཞིབ་ཚོགས་ཆུང་ཁྲིད་ནས་རང་ཁུལ་དུ་བརྟག་ཞིབ་གནང་།

ཁྲོན་བོད་ལྕགས་ལམ་གྱི་ལྕགས་ཟམ་ཟམ་ཆེན་ཁྲེང་ཏུའུ་ཕྱོགས་ཀྱི་ལྕགས་ལམ་འཛུགས་སྐྲུན་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ཆ་རྒྱུས་ལེན་བཞིན་པ།

ཉེ་ཆར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་འདྲི་རྨེད་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཀོང་ཀྲི་དང་བཅས་པ་རང་ཁུལ་གྱི་དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་རྫོང་སོགས་སུ་ཕེབས་ཏེ་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་འབྲེལ་ཡོད་བརྗོད་གཞིར་དམིགས་ནས་བརྟག་ཞིབ་བྱས་པས་མ་ཚད། ལྕགས་ཟམ་རྫོང་དུ་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་འདྲི་རྨེད་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཙེ་པ་ཀྲུའུ་དང་།ཐོན་ཁུངས་དང་ཁོར་ཡུག་ཚོགས་ཆུང་གི་ཚོགས་དཔོན་ཅང་ཞའོ་ཐིང་། འགྲིམ་འགྲུལ་དང་གྲོང་ཁྱེར་འཛུགས་སྐྲུན་ཚོགས་ཆུང་གི་ཚོགས་དཔོན་གཞོན་པ་ཧོ་ཅན་སོགས་བརྟག་ཞིབ་ལ་ཕེབས་པར་མ་ཟད། འབྲེལ་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་། ཁུལ་ཨུའི་རྒྱུན་ཨུ། རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཅི་ཞང་བཅས་འབྲེལ་ཡོད་བརྟག་ཞིབ་ནང་ཞུགས་པས་མ་ཚད། བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།

ཁྲེན་ཀོང་ཀྲི་དང་བཅས་པ་སྔ་རྗེས་སུ་དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་གྱི་དར་མདོའི་མངའ་ཁོངས་བརྒྱུད་པའི་ཕུག་ལམ་དང་པོ་དང་། ཁྲོན་བོད་ལྕགས་ལམ་གྱི་ལྕགས་ཟམ་ཟམ་ཆེན་སོགས་ཀྱི་ས་ཆར་ཕེབས་ནས་ཡུལ་དངོས་སུ་ཁྲོན་བོད་ལྕགས་ལམ(དཀར་མཛེས་ཁུལ་བརྒྱུད་པའི་ལམ་དུམ)འཛུགས་སྐྲུན་བྱས་ཚུལ་ལ་ཆ་རྒྱུས་བླངས་ཤིང་། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་དམིགས་ནས་གྲོང་རྡལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་ཐབས་ཇུས་དང་གྲོས་མགོ་བཏོན་པ་རེད།

ཁྲེན་ཀོང་ཀྲི་ཡིས་རང་ཁུལ་གྱིས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་བརྟེན་ནས་སྔ་སྣུར་དུ་ཇུས་འགོད་བཀོད་སྒྲིག་བྱས་པར་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་ཁྲོན་བོད་ལྕགས་ལམ་བསྐྲུན་རྒྱུ་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས།རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། མཐའ་མཚམས་བརྟན་བརླིང་སྲ་བརྟན་བཅས་དང་། ནུབ་རྒྱུད་ས་ཁུལ་དང་ལྷག་པར་དུ་ཁྲོན་བོད་ཞིང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་རེད་ཅེས་གསུངས་པ་རེད། དཀར་མཛེས་ཁུལ་གྱི་འཐབ་ཇུས་ངེས་གནས་དམིགས་བསལ་ཡིན་ཞིང་། ཐོན་ཁུངས་ཕུན་སུམ་ཚོགས་ལ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་འཁེལ་བ་དང་ཁྱོན་ཡོངས་ནས་ལག་བསྟར་བྱ་དགོས་པ་དང་། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལས་བྱུང་བའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་དུ་འཛིན་པ། ཚན་རིག་དང་མཐུན་པར་ཐོན་ལས་ལེ་ལག་ཚང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ལས་དོན་ཁག་འཆར་འགོད་བྱ་དགོས། ཁྲོན་བོད་ལྕགས་ལམ་བསྐྲུན་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ནུས་ཤུགས་ཡོད་རྒུས་ཁྲོན་བོད་ལྕགས་ལམ་བསྐྲུན་རྒྱུར་གཞོགས་འདེགས་ཡག་པོ་བྱ་དགོས། ཁྲོན་བོད་ལྕགས་ལམ་བསྐྲུན་རྒྱུ་དེ་གྲོང་སྡེ་དར་རྒྱས་དང་། གྲོང་རྡལ་འཛུགས་སྐྲུན། ས་ཁོངས་ཡོངས་སུ་ཡུལ་སྐོར། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སོགས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་མ་སྐུལ་དང་བླངས་ཀྱིས་སྦྲེལ་མཐུད་དང་བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་བྱས་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས་ཞེས་གསུངས་པ་རེད། ཞིང་ཆེན་ཐབས་ཇུས་བློ་འདྲི་ཨུ་ཡོན་ལྷན་ཁང་གིས་རིག་ནུས་འདུས་གྲུབ་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་སྔར་བས་གཏིང་ཟབ་བྱས་ཏེ་མ་སྐུལ་དང་བླངས་ཀྱིས་ཐབས་འདོན་ཇུས་འདོན་དང་བོད་འབྲེལ་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

ཚེ་དཔལ་སྐྱབས་ཀྱིས་ཁྲོན་བོད་ལྕགས་ལམ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་བཀོད་སྒྲིག་གནང་བ། སྐུ་ངོ་མས་སྐུལ་འདེད་གཏོང་བ་བཅས་ཡིན་པའི་དུས་རབས་རང་བཞིན་གྱི་འཐབ་ཇུས་འདུ་འགོད་ཅིག་རེད། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་སྤྱིའི་སྐུལ་སློང་བཀའ་རྒྱ་བཏང་གནང་ནས་ང་ཚོས་ཁྲོན་བོད་ལྕགས་ལམ་ལས་གྲྭ་འཛུགས་སྐྲུན་ལ་སྤུས་ཚད་མཐོན་པོས་སྐུལ་འདེད་གཏང་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། དཀར་མཛེས་ཁུལ་གྱིས་ཁྲོན་བོད་ལྕགས་ལམ་བསྐྲུན་རྒྱུའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་སྔ་སྣུར་དུ་ཚན་རིག་དང་མཐུན་པ་ཇུས་འགོད་བྱེད་པ་དང་། འགྲིམ་འགྲུལ་གཞུང་ལམ་དྲ་བ་འཐུས་ཚང་དུ་གཏོང་བ། བར་མཐོངས་འཆར་འགོད་ལེགས་སུ་གཏོང་བ། ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏང་རྒྱུ་ལ་བརྟེན་ནས་ཐོན་ལས་སྣ་ཚོགས་ཀྱི་ཕྱོགས་མང་མཉམ་འདྲེས་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་མ་སྐུལ་དང་བླངས་ཀྱིས་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་པ།རྣམ་གྲངས་འཛུགས་སྐྲུན་ཁྲོད་ཀྱི་གནད་དོན་སྣ་ཚོགས་དུས་ཐོག་ཏུ་མཐུན་སྦྱོར་ངང་ཐག་གཅོད་བྱེད་པ་བཅས་བྱས་ནས་སེམས་ནུས་གཅིག་སྒྲིལ་གྱིས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཧྲེན་དབྱང་གིས་ཞིང་ཆེན་ཐབས་ཇུས་བློ་འདྲི་ཨུ་ལྷན་གྱིས་དུས་ཡུན་རིང་པོའི་ནང་དཀར་མཛེས་ཁུལ་ལ་ཐུགས་ཁུར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་དཀར་མཛེས་ཁུལ་གྱིས་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ་ཁྲོན་བོད་ལྕགས་ལམ་གྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་འདོན་སྤེལ་གྱིས་སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱེད་པའི་ཚད་དཔོག་ལ་གཞི་ཚུགས་ཏེ་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་དང་། དེང་རབས་མཐོ་སྒང་གི་ཁྱད་ཆོས་ཞིང་འབྲོག་ལས་རྟེན་གཞི། རྒྱལ་ཁབ་ཀྱི་དྭངས་གཙང་ནུས་རྒྱུའི་རྟེན་གཞི་བཅས་མགྱོགས་མྱུར་དུ་བསྐྲུན་ནས་ཞིང་ཆེན་ཡོངས་དང་ཐ་ན་བོད་འབྲེལ་ས་ཁུལ་དུ་དཀར་མཛེས་ཁུལ་གྱི་འཐབ་ཇུས་གནས་བབ་རྒྱུན་ཆད་མེད་པར་མཐོ་རུ་གཏང་རྒྱུ་ཡིན་ཞེས་གསུངས་པ་རེད། ཞིང་ཆེན་ཐབས་ཇུས་འདྲི་རྨེད་ཨུ་ལྷན་གྱིས་སེམས་ཁུར་དང་རྒྱབ་སྐྱོར་དེ་བས་མང་པོ་བྱས་ནས་ཆེད་ལས་ཅན་དང་དགེ་མཚན་ལྡན་པའི་བསམ་འཆར་ལ་བརྟེན་ནས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།།

  • ལེ་ཚན་སྔོན་མ།:རྒྱལ་འཛུགས་གུང་གསེང་རིང་ལ་རང་ཁུལ་དུ་འགྲུལ་བ་ས་ཡ2ལྷག་ཡོང་འདུག།
  • ལེ་ཚན་རྗེས་མ།:ཞའོ་ཡིའུ་ཚའེ་ཡིས་དཀར་མཛེས་ལས་རིགས་སློབ་གླིང་དུ་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས་སློབ་མས་ཁས་ལེན་ཞིང་ཁྱིམ་བདག་གིས་བློས་འཁེལ་དང་སྤྱི་ཚོགས་ཡི་རང་བའི་མཐོ་རིམ་ལས་རིགས
  • དོ་སྣང་ཆེ་བའི་རྩོམ།