དར་མདོ་ལུང་པར་གཅིག་མཐུན་འདུས་གྲུབ་ཀྱི་མེ་ཏོག་བཞད།

ཨོ་རྒྱན་དང་ཡེ་ཤེས།        2021-10-08

དཀར་མཛེས་ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་སྐྱོང་སྐོར་གྱི་རིགས་གཞུང་བགྲོ་གླེང་ཚོགས་འདུའི་ཟུར་བྲིས།

དར་མདོ་ལུང་པར་གཅིག་མཐུན་འདུས་གྲུབ་ཀྱི་མེ་ཏོག་བཞད།
ཆེད་མཁས་པ་ལྷན་རྒྱས་ཀྱི་མཉམ་པར།

ཤར་སྟོད་བཞག་བྲ་ལྷ་རྩེའི་གཡོན་ཕྱོགས་ནས་བཞུར་བའི་རྩེ་ཆུ་དལ་འབབ་རིང་མོ་ལྷོད་ཀྱིས་བབས་ཤིང་། ཤར་སྨད་འབོ་ཡུལ་གངས་དཀར་གཡས་ནས་འབབ་པའི་དར་ཆུ་གཙང་ཆབ་སྔོན་མོ་དྲག་ཏུ་བཞུར་བའི་ཞིང་ས། གདོང་དམར་བོད་ཀྱི་ཤར་མཐའ་ཞིག་ནས་ལོ་ཟླའི་འཕེལ་འགྲིབ་སྐྱིད་སྡུག་གི་རི་མོ་གདོང་དུ་དོད་བཞིན་གནས་པའི་ཤར་དར་རྩེ་མདོ་ལུང་པར་སྟོན་གསུམ་འབྲུ་དྲུག་གི་སྙེ་མས་ས་ཆེན་ལ་གསེར་མདོག་གི་གོས་གདན་བཏང་ཞིང་། ཕྱོགས་བཞིའི་རི་ཚོགས་བརྟན་བརླིང་གིས་འགྱིང་ཞིང་ཁ་བ་དང་སྤྲིན་དཀར་གོས་སུ་བཀླུབས་ནས་སྣོད་བཅུད་ཕྱྭ་གཡང་མ་ལུས་སྔར་བཞིན་ལྷུན་ཆགས་ངང་གནས།

སྤྱི་ཟླ9པའི་ཚེས27ཉིན་གྱི་སྔ་དྲོར། ཀྲུང་གུང་དཀར་མཛེས་ཁུལ་ཨུས་གཙོ་གཉེར་གནང་ཞིང་། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། དཀར་མཛེས་ཁུལ་བོད་རིག་པའི་ཞིབ་འཇུག་ཁང་། དཀར་མཛེས་ཁུལ་རྩོམ་སྒྱུར་ལྟེ་གནས་བཅས་ཀྱིས་སྒྲུབ་འགན་ཁུར་བ་དང་། སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང(ཞིང་ཆེན་ཁམས་བོད་ཞིབ་འཇུག་ལྟེ་གནས)། དཀར་མཛེས་ཁུལ་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་། ཁམས་པའི་རིག་གནས་ཞིབ་འཇུག་གླིང་བཅས་ཀྱིས་རོགས་སྒྲུབ་གནང་བའི་དཀར་མཛེས་ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་སྐྱོང་སྐོར་གྱི་རིགས་གཞུང་བགྲོ་གླེང་ཚོགས་འདུ་དེ་དར་མདོ་རུ་འཚོགས།

ཚོགས་ཐོག་ཏུ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སངས་དགའ་ལགས་ཀྱིས་ཤིས་ཚིག་ཕུལ།དཀར་མཛེས་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཞའོ་ཀྲི་ཧོང་གིས་མགོ་ཚུགས་ཚོགས་འདུ་མདོ་འཛིན་གནང་ཞིང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གི་མགོ་གཙོ། རྩོམ་སྒྱུར་ལྟེ་གནས་ཀྱི་ཀྲུའུ་རེན་འཇིགས་མེད་རྡོ་རྗེས་ཚོགས་འདུའི་གྲ་སྒྲིག་གི་གནས་ཚུལ་གསལ་བཤད་གནང་།

ཚོགས་འདུར་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་རིང་ལུགས་སློབ་གླིང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། སི་ཁྲོན་སློབ་ཆེན། སི་ཐིན་ཧྥུ་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་སློབ་གླིང་། སི་ཁྲོན་མི་རིགས་སློབ་གླིང་། བོད་ལྗོངས་ནང་བསྟན་རྩོམ་སྒྲིག་ཁང་། ཡུན་ནན་མི་རིགས་སློབ་ཆེན། ཁམས་པའི་བརྙན་འཕྲིན་ཁང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། སི་ཁྲོན་ཞིང་ཆེན་མི་རིགས་དུས་དེབ་ཁང་། ཡུལ་ཤུལ་གྲོང་ཁྱེར་ལོ་རྒྱུས་རིག་གནས་ཞིབ་འཇུག་གླིང་། བོད་ལྗོངས་སློབ་ཆེན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་རྩོམ་སྒྲིག་ཁང་། རྔ་བའི་དགེ་ཐོན་སློབ་གླིང་། རྔ་བ་ཁུལ་བོད་རིག་པ་ཞིབ་འཇུག་ཁང་། དཀར་མཛེས་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། དཀར་མཛེས་ཁུལ་ཨུའི་ཏང་གི་སློབ་གྲྭ། དཀར་མཛེས་ཁུལ་ཁམས་ལྷོ་མི་རིགས་མཐོ་རིམ་སློབ་འབྲིང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། དར་མདོ་ས་ཁུལ་དུ་ཡོད་པའི་བོད་རིག་པ་དང་འབྲེལ་ཡོད་ཀྱི་སློབ་གྲྭ་ཁག་དང་འཕྲིན་སྦྱོར་ལས་ཁུངས་བཅས་ལས་ཁུངས་སུམ་ཅུ་ལྷག་གི་མགོ་ཁྲིད་དང་ཆེད་མཁས་པ་སོགས་ཁྱོན་ཚོགས་མི40ལྷག་ཚོགས་འདུར་ཞུགས་པ་དང་འབྲེལ་ཡོད་དཔྱད་རྩོམ60ལྷག་ཙམ་འབྱོར།

སངས་དགའ་ལགས་ཡིས་ཤིས་ཚིག་འབུལ་སྐབས་གསུངས་དོན། དཀར་མཛེས་ཁུལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་སྐྱོང་སྐོར་གྱི་རིགས་པའི་གཞུང་ལུགས་བརྟན་དུ་གཏོང་བའི་བགྲོ་གླེང་ཚོགས་འདུར་དུས་རབས་འབྱེད་པའི་དོན་སྙིང་གལ་ཆེན་ལྡན་ཡོད། མཐུན་སྒྲིལ་ཕྱུག་འགྱུར་དང་ཞི་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པར་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་རང་རེའི་ཏང་གི་དགོངས་པ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་ཁག་དབར་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏང་དགོས་པ་དང་། དེ་བས་ངེས་པར་དུ་སྤྱི་ཚོགས་ལས་རིགས་ཁག་གིས་སེམས་ནུས་གཅིག་སྒྲིལ་དང་ཐབས་འདོན་ཇུས་འདོན་བྱས་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་རིག་སྟོབས་ཀྱིས་རྒྱབ་སྐྱོར་དང་རིགས་པའི་གཞུང་ལུགས་ཀྱིས་འདེགས་སྐྱོར་བྱ་དགོས།

མགོ་ཚུགས་མཛད་སྒོའི་ཚོགས་རིམ་གྲོལ་བ་དང་ཚོགས་ཞུགས་ཆེད་མཁས་པ་དང་ཚོགས་མི་ཡོངས་རྫོགས་ཀྱི་དྲན་རྟེན་གྱི་མཉམ་པར་བླངས།

དེ་ནས་ཐེངས་འདིའི་གྲོས་ཚོགས་ཀྱི་གོ་རིམ་བཞིན་དཔྱད་རྩོམ་གསལ་བཀྲོལ་མགོ་བརྩམས་ཤིང་། ཐོག་མར་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་དཔྱད་རྩོམ་གསལ་བཀྲོལ་གྲོས་ཚོགས་མདོ་འཛིན་གནང་ཞིང་། སི་ཁྲོན་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ཏང་ཙུའུ་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་པིང་ཡོན་གྱིས་རྒྱུད་རིམ་ལྡན་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ཧུར་ཐག་བྱ་དགོས་ཞེས་པའི་དཔྱད་རྩོམ་གསལ་བཀྲོལ་གནང་བ་དང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དགེ་ལེགས་ལགས་ཀྱིས་ཁམས་པའི་ལོ་རྒྱུས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཀྱི་ནང་གནས་སྒུལ་ཤུགས་ལ་རགས་ཙམ་དཔྱད་ཞེས་པ་གསལ་བཀྲོལ་གནང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ།པེ་ཅིང་སློབ་ཆེན་གྱི་བློ་འདྲི་ཡུལ་གྱི་དགེ་རྒན་ཆེན་མོ་ཏུའུ་ཡུང་པིང་གིས་ཁམས་ཁུལ་ཞིབ་འཇུག་གིས་ཁམས་ཀྱི་མི་རིགས་ཁག་གི་ཀྲུང་ཧྭ་མི་རིགས་གཅིག་འདུས་གྲུབ་འདུ་ཤེས་ལ་ནུས་པ་གལ་ཆེན་ཐོན་ཚུལ་སྐོར་གླེང་བ་ཞེས་པའི་དཔྱད་རྩོམ་གསལ་བཀྲོལ་གནང་། སི་ཁྲོན་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ། དགེ་རྒན་ཆེན་མོ་ཧྲི་སའོ་ལགས་ཀྱིས་མི་རིགས་ཁག་གི་འགྲོ་འོང་དང་བརྗེ་རེས། མཐུན་འབྲེལ་བཅས་སྔར་ལས་འཕེལ་རྒྱས་བཏང་ནས་དཀར་མཛེས་ཁུལ་དེ་རྒྱལ་ཡོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་དཔེ་སྟོན་ཁུལ་གསར་འཛུགས་བྱ་དགོས་ཞེས་པའི་དཔྱད་རྩོམ་གསལ་བཀྲོལ་གནང་། སི་ཁྲོན་སློབ་ཆེན་རིག་གནས་ལོ་རྒྱུས་སློབ་གླིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གླིང་གི་ཆེད་བསྐོས་ཞིབ་འཇུག་པ་གཡུ་འབྲུག་མཚོ་མོས་རྒྱ་བོད་མི་རིགས་ཁག་ཕན་ཚུན་འབྲེལ་འདྲིས་དང་འགྲོ་འོང་ལས་རྒྱལ་བ་སྐུ་ཕྲེང་བདུན་པའི་གདན་ས་མགར་ཐར་དགོན་པའི་སྐོར་གྱི་དཔྱད་རྩོམ་གསལ་བཀྲོལ་གནང་། ཉིན་དེའི་ཕྱི་དྲོར། སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་མི་རིགས་དང་ཆོས་ལུགས་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ། སི་ཁྲོན་ཞིང་ཆེན་ཁམས་བོད་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དབྱང་ཧན་གྱིས་དཔྱད་རྩོམ་གསལ་བཀྲོལ་གྱི་གྲོས་རིམ་ཁག་གི་མདོ་འཛིན་གནང་ཞིང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། སློབ་གསོ་པུའུ་ཡི་ཆེད་མཁས་པའི་མཛོད་ཀྱི་གྲུབ་མི་དགེ་རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག་ཏུ་གསོ་སྐྱོང་བྱས་པའི་ཁམས་ཁུལ་མཐོ་རིམ་མི་སྣ་ཞེས་པའི་དཔྱད་རྩོམ་གསལ་བཀྲོལ་གནང་བ་དང་། བོད་ལྗོངས་ཆོས་ལུགས་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ། མཐོ་རིམ་བཟོ་བཀོད་པ་མི་ཉག་ཆོས་ཀྱི་རྒྱལ་མཚན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་ངོ་མཚར་བའི་བོད་ལུགས་བཟོ་བཀོད་ཅེས་པའི་དཔྱད་རྩོམ་གསལ་བཀྲོལ་གནང་བ་དང་། སི་ཁྲོན་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ། དཀར་མཛེས་ཁུལ་སྲིད་གྲོས་ཀྱི་སྔོན་མའི་ཀྲུའུ་ཞི་གཞོན་པ་ཀརྨ་རྒྱལ་མཚན་ཀྱིས་ཀྲུང་ཧྭའི་བཀའ་འགྱུར་པར་གཞི་ལས་སྡེ་དགེ་བཀའ་འགྱུར་གྱི་པར་ཤིང་ངོ་སྤྲོད་མདོར་བསྡུས་ཞེས་པའི་དཔྱད་རྩོམ་གསལ་བཀྲོལ་གནང་།

ཉིན་གཉིས་པའི་སྔ་དྲོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཚེ་རིང་འགྱུར་མེད་དང་ཕྱི་དྲོར་སི་ཁྲོན་ཏང་གི་འཛུགས་སྐྲུན་དུས་དེབ་ཁང་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ། གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་ཀྲུའུ་རེན་དཀོན་མཆོག་རྡོ་རྗེ་ལགས་གཉིས་ཀྱིས་དཔྱད་རྩོམ་གསལ་བཀྲོལ་གྱི་མདོ་འཛིན་གནང་ཞིང་། ཡུན་ནན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཨ་ཚོགས་ཀྱིས་བོད་རིགས་ཀྱི་དམངས་ཁྲོད་དད་སེམས་རྟོག་ཞིབ་དང་དེ་བཞིན་སྣོད་བཅུད་མི་ཆོས་ཀྱི་རིན་ཐང་གླེང་སྟེ་ཡུན་ནན་བདེ་ཆེན་གྱི་ཁ་བ་དཀར་པོའི་ཉེ་འགྲམ་གྱི་གྲོང་ཚོ་དཔེ་བཞག་པ་ཞེས་པའི་དཔྱད་རྩོམ་གསལ་བཀྲོལ་གནང་བ་དང་། ཁམས་པ་བརྙན་འཕྲིན་ཁང་གི་མཐོ་རིམ་ཞུས་ཆེན་པ་ཡེ་ཤེས་རྡོ་རྗེས་འཕྲིན་སྦྱོར་གསར་པའི་དུས་རབས་ཀྱི་མིང་ཚིག་གསར་པ་ཞེས་པའི་དཔྱད་རྩོམ་ལ་གསལ་བཀྲོལ་གནང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་གཙོ་གཞོན་པ། མཐོ་རིམ་དགེ་རྒན་ཆེན་མོ་ལྕང་ཞབས་པ་འགྱུར་མེད་ཚེ་དབང་ལགས་ཀྱིས་ལུས་སེམས་བདེ་ཐང་ནི་ཀུན་གྱི་རྩ་བ་ཡིན་ཞེས་པའི་དཔྱད་རྩོམ་གསལ་བཀྲོལ་གནང་བ་དང་། སི་ཁྲོན་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ་རིག་འཛིན་སྲུང་ལགས་ཀྱིས་བོད་དམངས་ཁྲོད་ཀྱི་རླུང་རྟ་ལ་དཔྱད་པ་གཟུར་གནས་དགྱེས་པའི་འབེལ་གཏམ་ཞེས་པའི་དཔྱད་རྩོམ་ལ་གསལ་བཀྲོལ་གནང་། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྨོན་ལམ་བརྩོན་འགྲུས་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་རྒྱབ་ལྗོངས་འོག་གསར་བརྗེའི་རིག་གནས་ཐོན་ཁུངས་གསར་སྤེལ་དང་ཞིབ་འཇུག་བྱས་པ་སྟེ། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྒང་ཐོག་གྲོང་རྡལ་དཔེར་དྲངས་ནས་བརྗོད་པ་ཞེས་པའི་དཔྱད་རྩོམ་གསལ་བཀྲོལ་གནང་བ་དང་། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གི་ཞུས་ཆེན་པ་གཞོན་པ་ཉི་མ་དོན་གྲུབ་ལགས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་སྒྲིག་གཞིའི་རྒྱབ་ལྗོངས་འོག་བོད་ཡིག་ཐ་སྙད་གསར་པའི་བསྒྱུར་ཐབས་སྐོར་ཞེས་པའི་དཔྱད་རྩོམ་གསལ་བཀྲོལ་གནང་། དེ་བཞིན་དུ་ཚོགས་འདུའི་ཉིན་གཉིས་པོའི་རིང་ལ་ཚོགས་ཞུགས་ཆེད་མཁས་པ་སོ་སོས་དུས་ཡུན་སྐར་མ30ཡི་ནང་ཚུན་དུ་རང་རང་དཔྱད་རྩོམ་གསལ་བཀྲོལ་གནང་བ་དང་། དེར་མཐུད་ནས་དུས་ཡུན་སྐར་མ15ཡི་ནང་ཚུན་དུ་མདོ་འཛིན་པས་དཔྱད་རྩོམ་གསལ་བཀྲོལ་ལ་ཕྱོགས་བསྡོམས་གནང་ནས་དང་དཔྱད་རྩོམ་དེ་དག་གི་གྲུབ་འབྲས་དང་དགེ་མཚན་ལ་འགྲེལ་བརྗོད་དང་ཉམས་མྱོང་བརྗེ་རེས་ཀྱི་བགྲོ་གླེང་སྤེལ།

ཚོགས་འདུའི་ཐོག་ཆེད་མཁས་པ་དག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་སྐྱོང་འཛུགས་པའི་ཆེད་དོན་ལ་དམིགས་ནས་ངེས་པར་ས་གནས་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་རྒྱལ་སྤྱིའི་རྒྱབ་ལྗོངས་གསལ་པོར་བཤད་ནས། ནང་ཁུལ་དང་ཕྱི་རོལ་གྱི་གནས་ཚུལ་ལ་དུས་ཐོག་ཏུ་ཞིབ་འཇུག་དང་བརྡར་ཤ་བཅད། དུས་རབས་གསར་པའི་རྨང་གཞིའི་ཐོག་ལངས་ནས་ཏང་གི་མི་རིགས་སྲིད་ཇུས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་རྨང་གཞིའི་རིགས་པའི་གཞུང་ལུགས་ཞིབ་འཇུག་ཏན་ཏིག་བྱས་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་སྔོག་འདོན་གཏིང་ཟབ་བྱས་ཏེ་དུས་རབས་འཕོ་འགྱུར་ཁྲོད་ཀྱི་འབྲེལ་ཡོད་བོད་འབྲེལ་ས་ཁུལ་གྱི་གནས་ཚུལ་གསར་པ་དང་དགོས་མཁོ་གསར་པ་ཤེས་རྟོགས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས།ཀྲུང་ཧྭ་མི་རིགས་བཅས་ལ་བཅངས་པའི་ངོས་འཛིན་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས་པར་བསྟན།

ད་ཐེངས་ཀྱི་གྲོས་ཚོགས་དང་དཔྱད་རྩོམ་གསལ་བཀྲོལ་གྱི་བགྲོ་གླེང་བྱས་པ་བརྒྱུད་དཀར་མཛེས་ཁུལ་གྱི་མི་རིགས་ལས་དོན་སྤེལ་རྒྱུར་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་པར་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ལས་བྱེད་པ་ཡོངས་ལ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་རྒྱལ་ཁབ་གཅིག་གྱུར་གྱི་རྨང་གཞི་དང་། མི་རིགས་མཐུན་སྒྲིལ་གྱི་རྩ་བ། བསམ་པའི་སྟོབས་ཤུགས་ཀྱི་བླ་སྲོག་བཅས་ཡིན་པའི་ངོས་འཛིན་སྔར་བས་གཏིང་ཟབ་ཐོབ་ཅིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་སྐྱོང་བཅངས་རྒྱུ་གཙོ་རྐང་དུ་བྱས་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེའུ་གསར་པ་བསྐྲུན་རྒྱུ་དང་འབྲེལ་མི་རིགས་ལས་དོན་གྱི་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་འབད་འཐབ་ལྷོད་མེད་བྱ་རྒྱུ་ལ་ཕན་འབྲས་བླ་མེད་ཐོབ་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ཉག་ཆུ་ཁའི་ཆུ་གཉིས་མདོའི་ཆུ་གློག་ས་ཚུགས་ནས་གློག་གཏོང་མགོ་བཙུགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།