ལི་ཆུ་སྔོན་མོའི་འགྲམ་གྱི་གཏམ་རྒྱུད།

གྲགས་མེད།        2021-10-09

ལི་ཆུ་སྔོན་མོའི་འགྲམ་གྱི་གཏམ་རྒྱུད།

རྫ་དམར་པོ་ཁྱུང་ཆེན་ལྡིང་འདྲ་གཅིག།

ཐང་བྱང་ཆེན་སྟག་ལྤགས་བརྒྱངས་འདྲ་གཉིས༎

ཚ་གྱ་གཅིག་ཡོན་ཆབ་འབུལ་འདྲ་གསུམ།།

ཆུ་ལི་ཆུ་སྦྲུལ་ནག་རྒྱུགས་འདྲ་བཞི༎

    ས་སྐྱིད་པོ་ཟེར་ན་དེ་ལ་ཟེར༎ ཞེས་པ་འདི་ནི་ལི་ཆུ་སྔོན་པོར་བསྟོད་པའི་གཏམ་དཔེ་ཞིག་ཡིན། ལི་ཆུ་ནི་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་སྤོ་འབོར་སྒང་གི་ཆར་གཏོགས་ཁམས་ལྷོ་ཕྱོགས་ནས་རྒྱུ་བའི་ཆུ་ཞིག་ཡིན་ཞིང་།འདོད་རྒུའི་དཔལ་ཡོན་འཛོམས་པའི་ཆུ་དེའི་སྟོད་ལ་རྟ་ནོར་ལུག་གསུམ། མར་ཆུར་ཐུད་གསུམ། རྩིད་ཁུལ་བལ་གསུམ་སོགས་ཕྱུགས་རྫས་འཛོམས་པའི་སྟོད་འབུམ་ནག་ཐང་ཆགས། བར་ལ་དར་དང་གོས་ཆེན་ཕྲུག་ལྭ་གསུམ།གཟི་དང་བྱུ་རུ་མུ་ཏིག་གསུམ། གསེར་དངུལ་ཟངས་གསུམ་རྒྱན་གོས་འཛོམས་པའི་ལི་ཐང་ཆགས། སྨད་ལ་ཤུག་པ་ཙན་དན་ཨ་གར་གསུམ། ཐང་ཤིང་བེ་ཤིང་གླང་མ་གསུམ། གྲོ་ནས་སྲན་གསུམ་ཞིང་ནགས་ཐོན་རྫས་འཛོམས་པའི་མོ་ལ་ཚོགས་གསུམ་ཆགས། དེ་ཡང་ལི་ཆུ་སྔོན་པོ་ནི་སྟོད་རྫ་རི་དམར་པོ་ཁྱུང་ཆེན་གྱི་མགོ་འདྲ་བའི་རྫ་ཁྱུང་ཚང་དམར་པོ་ཟེར་བའི་འདབས་མཚོ་མོ་གཡུ་འདྲ་བ་ཞིག་ཡོད་པ་དེ་ནས་བབས་ཤིང་།ཀྱག་ཀྱོག་སྦྲུལ་ནག་རྒྱུགས་པ་བཞིན་བྱང་ཐང་ཆེན་པོ་འབུམ་ནག་ཐང་ནས་ལེ་དབར་དགུ་བཅུ་ཙམ་ཡོད་པའི་བྱང་ལི་ཐང་སྟེང་གི་ཐང་ཆེན་དུ་བཞུད་པ་རེད། ཡང་བྱང་ལི་ཐང་སྟེང་ནས་ལེ་དབར་ལྔ་བཅུ་ཙམ་བརྒལ་མཚམས་ལུང་པ་ཅུང་ཟད་གུ་དོག་ཅིང་ལྗོན་ཤིང་སྔོན་པོའི་ཚང་ཚིང་འཁྲིགས་པའི་ཡུལ་མོ་ལ་ཚོ་གསུམ་དང་སྣ་པོ་ས་ཁུལ་བཅས་ཁྱོན་བསྡོམས་ས་ལེ་དབར་ཉིས་བརྒྱ་ལྷག་ཙམ་བརྒྱུད་པའི་མཐར་རང་ཞིང་གི་མུ་ལི་རང་སྐྱོང་རྫོང་གི་ས་ཆ་ནས་ཉག་ཆུར་འདུས་སོ།།

ལི་ཆུའི་སྟོད་སྨད་བར་གསུམ་ལ་མ་བཅོས་རང་བཞིན་གྱི་ཚ་བའི་སྨན་ཆུ་ཁྲུས་ཀྱི་རྫིང་བུ་ལུང་རོལ་ཚ། ཤྭ་རི་ཚ། གའུ་ཚ་ཚ།དབྲ་མཐིལ་ཚ།གཡུ་མོ་སྨན་ཚ། ལི་ཐང་ཚ། ཚ་ནག་ཀོང་། ཚ་རུང་ཞིང་། ཚ་མགོ་གྲོང་། བྲག་བཙན་ཚ་བཅས་ཀྱིས་མཚོན་ཆུ་ཚན་ཆེ་ཆུང་བརྒྱད་ཅུ་གྱ་གཅིག་ཙམ་ཡོད་པ་དེ་ནི་ཚ་གྱ་གཅིག་ཡོན་ཆབ་འབུལ་འདྲ་ཟེར་བ་ཡིན།

གཅིག

    ལི་ཆུ་སྟོད་ཀྱི་འབུམ་ནག་ཐང་ནི་ཁམས་སྟོད་ལྷོ་ཕྱོགས་ལ་འབུམ་དམ་པའི་མཆོད་རྟེན་དཀར་ནག་ཁྲ་གསུམ་ཡོད། ཁྲ་བོ་ནི་མི་ཉག་ལྕགས་ཁྲ་མཆོད་རྟེན་ཡིན།དཀར་པོ་ནི་ལི་ཐང་རྫོང་གི་མཆོད་རྟེན་དཀར་པོ་ཡིན།ནག་པོ་ནི་འབུམ་ནག་རིང་མོའི་མཆོད་རྟེན་ཡིན་པས་འབུམ་ནག་ཐང་ཞེས་གྲགས་པ་ས་རྒྱ་ཆེ་ལ་རྟ་ཕོའི་ཉིན་ལམ་ཁ་ཤས་བསྐྱོད་དགོས་པའི་ཐང་ཆེན་དེར་དབྱར་དུས་མེ་ཏོག་དཀར་སེར་དམར་ལྗང་མཛེས་པར་བཀྲ་ཞིང་། རི་ཐང་གང་ལ་ཤྭ་བ།དགོ་བ། གླ་བ།རྣ་བ་སོགས་རི་དྭགས་ཚོགས་རྒྱུ་ཞིང་རྩེ་འཇོ་བྱེད་པ་དང་།སྟག་གཟིག། དོམ། དྲེད། སྤྱང་ཀི་དང་། འཕར་ར་སོགས་གཅན་གཟན་གཏུམ་པོས་འཇིགས་པའི་ངར་སྒྲ་སྒྲོག་པ་སོགས་དང་འཆི་མེད་ལམ་གྱི་སྐར་ཚོགས་ས་ལ་འཕོས་པ་འདྲ་བའི་རྟ་ནོར་ལུག་གསུམ་གྱིས་ཐང་ཆེན་གང་ཞིང་། དཀར་འོ་མ་རྒྱ་མཚོ་འཁྱིལ་འདྲ། ཤ་མར་ཐུད་ཀྱི་བྲག་རི་བརྩེགས་འདྲ། བལ་དོ་པོ་རྫ་རྡོ་ཉིལ་འདྲ་ཞེས་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པས་བདེ་སྐྱིད་རྒྱས་པའི་འབུམ་ནག་པད་མའི་ཐང་ཟེར་བ་ཡིན།

     དགུན་ལྷགས་པ་ཆེ་བའི་དུས་བྱང་ཐང་འདིའི་རི་ཐམས་ཅད་ཀྱིས་ཞྭ་དཀར་བསྣམས། ཆུ་ཐམས་ཅད་ཀྱིས་ཤེལ་དཀར་གྱོན།རི་ཐང་ལ་ཀླུང་མེད་པ་ཀུན་གྱིས་ཟིལ་འཁྱག་གི་དར་གོས་ཀླུབས་ནས་དཀར་པོ་དུང་འདྲར་གྱུར་པས་ན། ཉིན་མོ་མིག་གིས་མི་ཐེབས། མཚན་མོར་སྒྲོན་མེ་མི་དགོས་ཟེར། ས་སྐྱིད་པོ་འདིའི་ཐོག་ལ་གནས་པ་ནི། ཝ་ཤུལ་གཡོན་རུའི་སྡེ་ཚོ་ཡིན། ཝ་ཤུལ་གཡོན་རུ་ཟེར་པ་ནི་ལོ་ཉིས་བརྒྱ་ལྷག་ཙམ་གྱི་སྔོན་རོལ་ཕ་ཡུལ་མཚོ་སྔོན་པོའི་ས་ཁུལ་དུ་སྡེ་གཡས་རུ་དང་། གཡོན་རི། སྡེ་གཞུང་མ་ཟེར་བའི་སྡེ་པ་གསུམ་ཡོད་པ་དེ་དག་ས་གནས་དང་མ་མཐུན་པར་འཁྲུག་བསླངས་ཀྱིས་སྡོད་མ་བཟོད་ནས། སྡེ་གསུམ་པོ་རང་ཡུལ་དང་མི་ཡུལ་བརྗེས་ཏེ་ཁམས་ཕྱོགས་སུ་ས་བུད་ནས་ཡོང་། གཡས་རུ་དང་གཡོན་རུ་གཉིས་ཀྱིས་ལི་ཐང་འབུམ་ནག་ཐང་ལ་ས་གཡར་དང་། སྡེ་གཞུང་མས་ནགས་སྒར་སྟེང་ལ་ས་གཡར་བྱས་ཏེ་གནས། ཡང་དུས་རེ་ཞིག་གི་ཚེ་གཡས་རུ་དང་གཡོན་རུ་གཉིས་མ་མཐུན་པར་དགྲ་རྒྱག་རེས་བྱས་པ་ན། གཡོན་རུས་གཡས་རུ་ཕམ་པར་བྱས་ནས་ཚང་མ་གཡོན་རུའི་ཁོངས་སུ་བསྡུས་པས། དེང་སྐབས་གཡོན་རུ་མ་གཏོགས་མེད་དོན་དེ་ཡིན་ཟེར། གཡོན་རུའི་དཔོན་རབས་ཀྱི་མིང་ནི། དཔོན་རབས་དང་པོ་ཝ་ཤུལ་བསོད་རྣམས་བཟང་པོ། གཉིས་པ་ཨ་སྟོང་མགོན་པོ། གསུམ་པ་བསོད་ནམས་རྡོ་རྗེ། བཞི་པ་ཚེ་རིང་དབང་རྒྱལ། ལྔ་པ་འཆི་མེད་རྡོ་རྗེ། དྲུག་པ་བསོད་ནམས་རྒྱ་མཚོ། བདུན་པ་བསོད་ནམས་དབང་རྒྱལ་བཅས་ཡིན། དཔོན་དེའི་མངའ་ཞབས་ལ་བརྒྱ་ཤོག་བཞི་ཡོད་པ་རེད། གཡོན་རུ་འབྲོག་པ་ནི་དབྱར་དགུན་སྟོན་དཔྱིད་མེད་པར་ལི་ཆུ་སྔོན་པོའི་འགྲམ་ལ་རྟ་ནོར་ལུག་གསུམ་སོགས་སྒོ་ཕྱུགས་རྣམས་འཚོས་ཤིང་གནས་པ་ཞིག་ཡིན་པས། འབྲོག་སྡེ་དེ་ནི་དབྱར་ཆར་ཆུ་ལ་མི་སྐྲག། དགུན་ལྷགས་པ་ལ་མི་སྐྲག་པའི་དཔའ་མཛངས་རྟུལ་ཕོད་ཀྱི་འབྲོག་པ་ཞིག་ཡིན་ལ། ཁམས་ལྷོ་ཕྱོགས་ཀྱི་ཕྱུགས་ལས་ཐོན་རྫས་ཀྱི་གཏེར་མཛོད་ཆེན་པོ་ཞིག་ཀྱང་ཡིན་ནོ།།

གཉིས།

     ལི་ཆུ་སྔོན་པོས་འབུམ་ནག་ཐང་ཆེན་ནས་གཡས་རྫ་རི་དང་གཡོན་སྤང་རི་ཅན་གྱི་ཤཱཀྱ་ཆོས་ཁྲི་དང་། སྒོར་མོ་ཡར་ཐང་མར་ཐང་ཟེར་བའི་ཐང་ཆེན་དང་ཐང་ཆུང་དུ་མ་བརྒྱུད་དེ་གྲལ་གྱི་ཁྲ་གཡག་སྒྲོན་མ་ཟེར་བའི་རྫ་རིའི་འདབས་ནས་བྱང་ཐང་སྔོན་པོ་གཡུ་ཡི་ར་བ་ལི་ཐང་བྱང་ཆེན་སྟེང་ལ་བཞུད་དོ༎ ལི་ཐང་བྱང་ཐང་སྟེང་ནི་བོད་གངས་ཅན་དུ་ཡོངས་སུ་གྲགས་པའི་བྱམས་ཆེན་ཆོས་འཁོར་གླིང་ཞེས་བྱ་བའི་ལི་ཐང་དགོན་ཆེན་ཆགས་ས་ཡིན།

སྟོད་ན་གྲགས་ཆེ་བ་གྲྭ་ས་སེར་འབྲས་དགེ་གསུམ༎

སྨད་ན་དགོན་ཆེ་བ་ཨ་མདོ་སྐུ་འབུམ་གྲྭ་ཚང་༎

བར་ན་བྱམས་ཆེ་བ་ལི་ཐང་བྱམས་ཆེན་དགོན་པ༎

ཕྱི་བསྐོར་བསྐོར་ལྕགས་རི་བརྒྱ་དང་བརྒྱད་ཀྱིས་བསྐོར༎

ནང་བསྐོར་བསྐོར་དགོན་ཆུང་སྟོང་དང་རྩ་གཅིག་གིས་བསྐོར༎

རྒྱལ་བ་བསོད་ནམས་རྒྱ་མཚོ་ཡིས་བཏབ་པའི་གདན་ས༎

རྒྱལ་བ་བསྐལ་བཟང་རྒྱ་མཚོ་འཁྲུངས་པའི་ཕ་ཡུལ་ཡིན༎

ཞེས་པ་འདི་ནི་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་ལ་བསྟོད་པའི་གཏམ་དཔེ་ཞིག་ཡིན།

     འདིའི་ལོ་རྒྱུས་ནི་སྤྱི་ལོ1580ལོར་རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སྨད་མདོ་ཁམས་སྒང་དྲུག་དུ་ཆོས་སྐོར་ཕེབས་པའི་སྐབས་སུ། བྱང་ཐང་ཆེན་པོ་ཞིག་གི་ཐང་དཀྱིལ་རི་ཆུང་ཆུང་བུམ་པ་འདྲ་ཞིག་ཡོད་པའི་གཡས་ཟུར་ན་མི་རྒན་སྐྲ་དུང་ལྟར་དཀར་བ་ཁ་ལ་སོ་ཏིལ་འབྲུ་ཙམ་མེད་པ་ཞིག་དང་འཕྲད། ཁོང་གིས་ཕྱག་ཏུ་ཁ་བཏགས་ཞིག་བསྣམས་ཤིང་མི་རྒན་གྱི་མདུན་བྱོན། ཁ་བཏགས་ཕུལ་ནས་ས་དེའི་ལོ་རྒྱུས་འདྲི་བར་མཛད་པ་འདི་ལྟར།

ཚེ་ལས་བསོད་ཅན་གྱི་ཕ་རྒན་ལགས༎

གཏམ་ཚིག་གསུམ་ཁྱོད་ལ་འདྲི་རྒྱུ་ཡོད༎

ཁྱོད་མ་གསང་ང་ལ་དྲང་གཏམ་ཤོད༎

ས་སྐྱིད་པོ་བྱང་ཐང་ཁྲ་མོ་དང་༎

རི་མི་འདྲ་འདྲ་བའི་རི་མགོ་དེར༎

སྐྲ་དུང་ལྟར་དཀར་བའི་ཕ་རྒན་ཁྱོད༎

སེམས་བཟང་བོ་ལྷག་བསམ་ཅན་ཁྱོད་ཀྱིས༎

ཐང་འདི་ནི་གང་འདྲ་ཐང་ཞིག་ཡིན༎

རི་འདི་ཚོ་རི་མགོ་ཅི་འདྲ་རེད༎

བཀྲ་ཤིས་པའི་དགེ་མཚན་ཅི་འདྲ་ཡོད༎

ཕ་ཁྱོད་ཀྱི་རིགས་རྒྱུད་ཅི་འདྲ་ཡིན༎

ས་ཐག་རིང་མི་ལ་ལབ་རོགས་ཞུ༎

ཞེས་གསུངས་པ་ན། རྒན་པོས་ཁོང་ལ་བལྟས་ཚེ།ཁོང་ནི་གཟུགས་སྟོབས་ཆེ་ལ། མཁུར་ཚོས་དམར་བ་གཟི་བརྗིད་བཀྲག་མདངས་ལྡན་པ་ཞིག་ཡོད་པས་མི་ཕལ་བ་ཞིག་མིན་པ་ཤེས་ནས། མགོ་སྒུར་སྒུར་བྱས་ནས་འདི་སྐད་ཞུའོ༎

ས་ཐག་རིང་ནས་ཡོང་བའི་བླ་མ་ལགས༎

ཡུལ་འདི་ལ་བྱོན་པ་ངོ་མཚར་ཆེ༎

ས་འདིའི་ས་ངོ་མ་ཤེས་ན༎

ཐང་ཨ་ཆེན་སྟག་ལྤགས་བརྒྱངས་འདྲ་འདི༎

ཁམས་ཀྱི་ལི་ཐང་བྱང་ཆེན་ཡིན༎

ཡར་ལྟོས་དང་ལྟད་མོ་འདི་འདྲ་ཡོད༎

རི་མཐོན་པོ་ཕྱེ་མར་སྤུངས་འདྲ་དེ༎

ཨ་བོ་ལི་ཆེན་འབུམ་རི་ཟེར༎

ཟུར་ལ་མར་རྒྱན་བཞེངས་འདྲ་དེ༎

ཨ་བོ་ལི་ཆུང་འབུམ་རི་རེད༎

ཤར་ཕྱོགས་ནས་རི་བོ་ཉལ་ལེ་དེ༎

ཤར་གྱི་གླང་ཆེན་ཉལ་རི་ཟེར༎

གླང་མགོ་རྩེ་ཏོག་བཙུགས་འདྲ་དེ༎

གནམ་སེར་གཙུག་ཏོར་ཕྲ་མོ་ཡིན༎

གླང་སྣ་ཞགས་རིང་པོ་ཐང་ལ་རྒྱུག།

སྣ་རྩེ་གནམ་ལ་བཀྱག་འདྲ་དེ༎

བྲག་ལེབ་རྡོ་རྗེ་རྒྱལ་མཚན་ཟེར༎

མར་ལྟོས་དང་ལྟད་མོ་འདི་འདྲ་ཡོད༎

རྫ་རི་མདེའུ་འདྲ་ལེ་དེ༎

ཕྱིར་བསྐོར་བསྐོར་རྫ་རི་བརྒྱ་ཡིས་བསྐོར༎

བྱ་བརྒྱ་ཡིས་ངག་སྙན་འདོན་ས་ཡིན༎

གདུག་གཅན་བརྒྱ་ཡིས་ཉལ་ས་ཡིན༎

རི་མི་འགྱུར་སོག་རི་གནམ་ལྕགས་ཡིན༎

ཟུར་ལ་མཚོ་ཞིག་ཡོད་ལེ་དེ༎

མཚོ་ཉལ་གཡུ་ཡི་སྒྲོལ་མ་ཟེར༎

མདུན་རི་བུང་ཆུང་འདྲ་ལེ་འདི༎

མིང་ལ་དགེ་འདུན་ཡར་འཕེལ་ཟེར༎

ངའི་ཁྱིམ་རྒྱུད་མིང་ལ་གྲྭ་འབུམ་ཟེར༎

མི་ངའི་མིང་ལ་དར་རྒྱས་ཟེར༎ ཞེས་ཞུས་པར། རྒྱལ་བ་བསོད་ནམས་རྒྱ་མཚོ་ཐུགས་ཤིན་ཏུ་དགྱེས་ཏེ།

ས་སྐྱིད་པོ་ལི་ཐང་ས་ཆ་ལ༎

རྟགས་དང་རྟེན་འབྲེལ་དེ་རིང་འགྲིག།

རི་གླང་ཆེན་ཉལ་འདྲའི་སྣ་ཞགས་སྟེང་༎

དགོན་ཁྲ་མོའི་གདན་ས་ཆགས་པར་ཤོག།

ཨ་བོ་འབུམ་ཆེན་འབུམ་ཆུང་གཉིས།།

དགོན་པའི་རྒྱབ་བརྟན་འོང་བར་ཤོག།

གནམ་སེར་གསེར་ཏོག་ཕྲ་མོ་དེ།

དགོན་པའི་མགོན་རི་འོང་བར་ཤོག།

སོག་རི་གནམ་ལྕགས་ཁྲ་མོ་དེ།།

དགོན་པའི་སྒོ་སྲུང་འོང་བར་ཤོག།

མདུན་རི་དགེ་འདུན་ཡར་འཕེལ་དེ།།

དགེ་འདུན་འཕེལ་བའི་རྟེན་འབྲེལ་ཤོག།

ཁྱོད་གྲྭ་འབུམ་དར་རྒྱས་ཡིན་ཟེར་ན།།

གྲྭ་བ་འབུམ་ཕྲག་རྒྱས་པར་ཤོག།

ས་དབང་ཐང་ཆེ་བའི་ས་ཆ་འདི།།

བོད་ཁ་བ་ཅན་དུ་དཀོན་པའི་ས།།

སྐྱབས་མགོན་འཁྲུངས་པའི་སྨོན་ལམ་ཤོག།

ཅེས་བཀྲ་ཤིས་པའི་ཐུགས་སྨོན་མཛད་ཅིང་། ཁོང་དང་གྲྭ་འབུམ་དར་རྒྱས་གཉིས་ཀྱིས་རི་གླང་ཆེན་ཉལ་འདྲ་སྣ་ཞགས་ཀྱི་སྟེང་དུ་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་གདན་ས་བཏབ། དེ་ཡང་བཻ་སེར་ལས་རྒྱལ་མཆོག་བསོད་ནམས་རྒྱ་མཚོ་དེ་ཉིད་ཆེན་པོ་ཧོར་གྱི་ཡུལ་གྲུར་ལེགས་བྱས་ཀྱི་མགྲོན་དུ་གདན་དྲངས་པའི་ཚེ། ཕྱོགས་དེའི་བསྟན་པའི་བྱ་བ་རྣམས་ཕལ་ཆེར་མཛད་ཟིན་ཏེ་ཡུལ་འདིར་ཕེབས། རྗེ་ཙོང་ཁ་པའི་བསྟན་པ་བླ་ནས་བླར་འགྱུར་བའི་ཆེད། ལྕགས་ཕོ་འབྲུག་གི་ལོ་ལ་གཙུག་ལག་ཀུན་དགའ་ར་བ་དང་བཅས་རྨང་བཏིང་། སའི་ཆོ་ག་ཡང་དག་པར་མཛད། ཐུབ་ཆེན་འགྲན་ཟླ་དང་བྲལ་བ་སོགས་རྟེན་དང་བརྟེན་པ་བཞེངས། མིང་དགའ་ལྡན་ཐུབ་ཆེན་གླིང་ཞེས་སྩལ།ས་ཐམ་རྒྱལ་པོས་ཞབས་ནས་བཏེགས་ཏེ་དགེ་འདུན་ངང་གིས་འཕེལ། མདོ་སྔགས་ཀྱི་འཆད་ཉན་ཕལ་ཆེར་རྒྱུད་སྨད་དང་ཉེ་སོགས་གསལ། གྲྭ་འབུམ་དར་རྒྱས་དགོན་བདག་ལ་འཇོག། དེར་བརྟེན་ད་བར་ལི་ཐང་དགོན་པ་ཆགས་ནས་ལོ་བཞི་བརྒྱ་ལྷག་ཙམ་སོང་བའི་རིང་ལོ་ལྟར་དགོན་པའི་ལམ་སྣེ་བསྐོ་བཞག་བྱེད་དུས། ཨང་དང་པོ་གྲྭ་འབུམ་ཚང་བསྐོ་བཞག་བྱེད་དགོས་པ་རེད།

རྒྱལ་བ་སྐུ་ཕྲེང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ། བྱང་ལི་ཐང་ས་ཁུལ་དུ་བྱོན་ནས་ལི་ཐང་དགོན་དུ་ཞག་གསུམ་བཞུགས། ས་འདི་ལ་ཐུགས་མོས་ཤིན་ཏུ་ཆེན་པོ་གནང་ཞིང་། ས་སྐྱིད་པོ་ལི་ཐང་བྱམས་ཆེན་གླིང་། ངའི་ཕ་ཡུལ་ཡིན་ན་བསམ་པ་བྱུང་། ས་འདི་ལ་སླེབས་པའི་སྨོན་ལམ་ཤོག། ཅེས་པའི་ཐུགས་སྨོན་མཛད་པར་མ་ཟད།ཁོང་གི་མགུར་གླུ་ནང་ཡང་།

བྱ་དེ་ཁྲུང་ཁྲུང་དཀར་པོ།།

གཤོག་རྩལ་ང་ལ་གཡོར་དང་།།

ཐག་རིང་རྒྱང་ནས་མི་འགྲོ། །

ལི་ཐང་བསྐོར་ནས་སླེབས་ཡོང་། །

     ཞེས་པའི་གསུང་ཚིག་གསལ་པོ་ཡོད། དེ་ནི་ཁོང་གི་སྐུ་ཕྲེང་རྗེས་མ་ལི་ཐང་དུ་འཁྲུངས་པའི་ལུང་བསྟན་ཡིན།དེ་ནས་སྤྱི་ལོ1708ལོར་རྒྱལ་བ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་ལི་ཐང་དགོན་ཆེན་མདུན་པདྨའི་ཚལ་དམར་ཞེས་པའི་གྲོང་དུ་སྐུ་འཁྲུངས། དགུང་ལོ་བརྒྱད་པར1716ལོར་ལི་ཐང་དགོན་པར་རབ་ཏུ་བྱུང་། རྒྱལ་བའི་སྤྲུལ་སྐུར་ངོས་འཛིན་བྱས།ཨ་མདོ་སྐུ་འབུམ་བྱམས་པ་གླིང་དུ་གདན་དྲངས།གོང་མའི་དམག་དང་བཅས་དགུང་ལོ་བཅུ་གཉིས་ཐོག་ལྷ་སར་བྱོན་ནས་གསེར་ཁྲིར་བཞུགས། ཁོང་ནི་བོད་ཁ་བ་ཅན་དང་རྒྱ་སོག་མན་ཇུ་བཅས་ཐམས་ཅད་ལ་སྙན་གྲགས་ཆེ་བའི་སྐུ་ཕྲེང་བདུན་པ་ཡིན། རྒྱལ་བ་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ་སྤྱི་ལོ1816ལོར་ལི་ཆུའི་སྨད་སྣ་པོ་ཞེས་པའི་ས་ཆར་འཁྲུངས།སྤྱི་ལོ1823ལོར་རྒྱ་ནག་གོང་མས་སྤྲུལ་སྐུར་ངོས་བཟུང་སྟེ་ལྷ་སར་རྒྱལ་བའི་ཁྲི་ལ་འཁོད། དེ་རྗེས་ཨ་མདོའི་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་བདག་འཇམ་དབྱངས་བཞད་པའི་སྐུ་ཕྲེང་བཞི་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལ་བཟང་པོ་དགུང་ལོ་བཞི་བཅུ་ཞེ་བདུན་ཐོག་ཁམས་ཀྱི་དཀར་མཛེས། སྡེ་དགེ།ཆབ་མདོ།མགོ་ལོག འབའ་ཐང་།ལི་ཐང་བཅས་ལ་ཆོས་སྐོར་ཕེབས་སྐབས་སུ། ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་དུ་བཞུགས། ཁོང་གིས་ཀྱང་ལི་ཐང་ནོར་བུའི་ས་ཆ་འདི་ལ་སྐུ་ཚེ་རྗེས་མ་འཁྲུངས་པའི་སྨོན་ལམ་མཛད། སྤྱི་ལོ1916ལོའི་ཟླ3ཚེས12ཉིན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པ་བསྟན་པའི་རྒྱལ་མཚན་ལི་ཐང་དགོན་ཆེན་མདུན་གྱི་པདྨ་ཚལ་དམར་གྲོང་དུ་འཁྲུངས་པ་རེད། ཁོང་དང་རྒྱལ་བ་བསྐལ་བཟང་རྒྱ་མཚོ་འཁྲུངས་ས་གྲོང་ཚོ་གཅིག་ཡིན། ཁོང་གིས་མི་རིགས་མཐུན་སྒྲིལ་དང་མི་རིགས་ཀྱི་རིག་གནས་དར་རྒྱས་གཏོང་རྒྱུར་མཛད་རྗེས་ཆེན་པོ་བཞག་ཡོད། གཞན་ཡང་ད་ལྟའི་རྒྱལ་ཡོངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཀྲུའུ་ཞི་གཞོན་པ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་ཡང་ལི་ཐང་རྫོང་གི་ཚོ་གསུམ་ལ་འཁྲུངས་པ་ཡིན། དེ་ལྟར་རྒྱལ་བའི་སྐུ་སྐྱེ་སོགས་བླ་རབས་རབ་དང་རིམ་པ་འཁྲུངས་པའི་ས་ཆ་ཁྱད་དུ་འཕགས་པ་ཡིན་ཕྱིར། བོད་གངས་ཅན་ལ་ཁ་དཔེ་འདི་འདྲ་ཞིག་བྱུང་།

འབའ་ལི་ཐང་རྐུན་མའི་ས་ཆ་རེད།

ཟེར་མི་རུང་སྐྱབས་མགོན་འཁྲུངས་ས་ཡིན།

ཞེས་པ་ཡང་རྒྱུ་མཚན་དེ་ཡིན།

     ལི་ཐང་དགོན་གྱི་ཆོས་ལུགས་ནི་རི་བོ་དགེ་ལྡན་པ་ཡིན།ཚོགས་ཆོས་ར་དང་སྨོན་ལམ་ཆེན་མོ་སོགས་ནི་བླ་མ་གོང་མའི་ཕྱག་བཞེས་ལྟར་ཆ་ཚང་བ་ཡོད། སྔོན་རྒྱལ་བ་བསོད་ནམས་རྒྱ་མཚོས་དགོན་ས་ཐོག་མར་འདེབས་སྐབས་བོན་གྱི་ཆོས་ལུགས་ཀྱང་ཡོད་ཅིང་། ད་སྐབས་ཟླ་བ་དྲུག་པའི་ཚེས་གསུམ་ཉིན་རི་སྐྱབས་བསངས་གཏོང་འགྲོ་དུས། རྐྱ་མི་ཞྭ་དཀར་གྱོན་པ་དྲུག་ཅུ་འགྲོ་དགོས་པ་དེ་ནི་སྔོན་མ་ཡུལ་གྱི་གཞི་བདག་བོན་ཡིན་པས་དེ་ལ་ངོ་བསྟོད་བྱེད་ཕྱིར་ཡིན་ཟེར། སྔོན་མ་ཡིན་ན།དགོན་པའི་ལམ་ལུགས་དེ་ཆོས་སྲིད་ཟུང་འབྲེལ་ཡིན་པས་གྲྭ་པ་ལ་གྲྭ་ཁྲལ་ཡོད། དཔེར་ན། ལོ་རེར་འབག་འཆམ་དུས་གྲོང་མཐིལ་གྱི་གྲྭ་པས་ཁྲལ་འཇལ་དགོས་པ་དང་། སྲིད་ཀྱི་ཐོག་དགོན་པའི་བླ་བྲང་སྟེང་ནས་ལི་ཐང་རྫོང་གི་ཆུས་ཁག་བརྒྱད་པོ་དང་། ཉག་ཆུ་རྫོང་གི་དབུ་ཐོག་དང་མགོ་ལོག་ས་ཁུལ། ཕྱག་ཕྲེང་རྫོང་གི་ཤོག་དྲུག་བཅས་ལ་ཁྲིམས་དབང་སྤྱོད་པའི་དབང་ཆ་ཡོད་པས་མ་ཚད། ཁྲིམས་གཅོད་བྱེད་པའི་ཁྲིམས་རྭ་དང་བཙོན་ཁང་ཡང་ཡོད་པ་རེད། དགོན་པའི་དཔལ་འབྱོར་སྟེང་གི་ཡོང་སྒོ་ནི་གཅིག་ནས་མི་དམངས་ནས་ཁྲལ་འུལ་བསྡུས་པ་དང་། གཉིས་ནས་གཞན་གྱི་མི་ཤི་ན་ཚ་འོངས་དུས་དགོན་པར་ཞལ་འདེབས་དང་ཆོས་ཐེབས་བཞག་པ་དང་། དགོན་པ་གཞུང་གིས་སྟོད་རྒྱ་གར་ནས་སྨད་རྒྱ་ནག་བར་ཚོང་བརྒྱབ་པ་བཅས་ཀྱི་ཡོང་སྒོ་རེད། དགོན་པའི་དུས་ཆེན་ནི་དགུན་ཁར་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ནས་མགོ་བརྩམས་ཏེ་ཚེས་བཅུ་དགུ་བར་སྐྱ་འཆམ་དང་། དེ་ནས་ཚེས་ཉེར་དགུ་ཉིན་ངོ་འབག་གྱོན་ནས་འཆམ་ཆེན་འཆམ་ཆུང་བཅས་སྒེག་ཉམས་ལྡན་པའི་འབག་འཆམ་ཞིང་། ཉི་མ་དེའི་ཕྱི་དྲོར་བརྗིད་རྔམས་ཆེ་བའི་གཏོར་རྒྱག་བྱེད་དགོས། དབྱར་དུས་སུ་ཟླ5ཚེས13ཉིན་ནི་ལྷ་མོ་འཁྲབ་པའི་དུས་ཡིན། འཁྲབ་གཞུང་ནི་བོད་ཀྱི་ལྷ་མོ་རྒྱ་བཟའ་ཀོང་ཇོ་དང་། དྲི་མེད་ཀུན་ལྡན། སྣང་ས་འོད་འབུམ། འགྲོ་བ་བཟང་མོ། ཆོས་རྒྱལ་ནོར་བཟང་བཅས་ཡིན། དུས་ཆེན་དེ་གཉིས་ལ་ལི་ཆུ་སྔོན་པོའི་སྟོད་སྨད་བར་གསུམ་གྱི་མི་རྣམས་ཚང་མ་རྒྱན་གོས་ལོངས་སྤྱོད་ཕུན་སུམ་ཚོགས་པ་བྱས་ཏེ་འདུས་འོང་པ་རེད།

     ལི་ཐང་དགོན་པའི་མཐའ་སྐོར་ལ་ཚེ་ཆུ་གྲོང་དང་། ཤར་སྒོ་གྲོང་། གནས་གཞི་གྲོང་། ཚལ་དམར་གྲོང་། སྤྲང་སྒར་གྲོང་། བདེ་སྐྱིད་གྲོང་། ཐི་ར་རྙིང་པ། ཐི་ར་གསར་པ་བཅས་གྲོང་ཤོག་བརྒྱད་ཙམ་ཡོད།གྲོང་དང་ཐི་ར་ནང་གི་མི་མང་ཆེ་བ་ཚོང་རྒྱག་མཁན་ཡིན་ཞིང་། ཚོང་གི་ཡོང་འབབ་ལ་བརྟེན་ནས་འཚོ་བ་རེད།ཁོ་ཚོ་ཚོང་རྒྱག་པར་འགྲོ་དུས་ཚོང་ལ་ཁེ་ཁ་ལོན་གྱི་ཡོད། དེ་ནི་གླིང་རྗེ་གེ་སར་རྒྱལ་པོས་སྟག་གཟིག་ནོར་རྫོང་ཕབ་ནས་ནོར་གཡང་འགྱེད་པའི་སྐབས་སུ། གཡང་འགུགས་པའི་ལྕགས་ཀྱུ་དེ་ཁམས་ལྷོ་ཕྱོགས་ཀྱི་གཞི་བདག་ལ་ཐོབ་པ་ཡིན་པས།དེའི་རྐྱེན་གྱིས་ཚོང་ལམ་ཡོད་ཟེར།གྲོང་ཤོག་དེ་དག་གི་སྲོལ་དང་དགའ་སྟོན་དུས་ཆེན་ནི་དགུན་གྱིས་དུས་ལ་ལོ་གསར་དང་སྨོན་ལམ་ཡིན།དགའ་ཞིང་སྐྱིད་པའི་དུས་ཆེན་དེའི་ཉིན།ཡུལ་འདིའི་སྐྱེས་པ་རྣམས་ཀྱིས་ལུས་ལ་གོས་ཆེན་དང་འགོ་སྣམ་རྒྱ་ཐེར་སོགས་གྱོན།རྐང་ལ་གོ་རྩི་དང་འགོ་སྣམ་ལྷམ་སྟོང་སྐུད་དཀར་སེར་དམར་ལྗང་གི་འཇའ་རིས་བཀྲ་བ་གྱོན། མགོ་ལ་ཞྭ་མོ་ཚེ་རིང་དཀྱིལ་འཁོར་གྱོན།ཁྲུའུ་རྩེ་དམར་པོ་དང་སྔོན་པོའི་སྐེད་རགས་བཅིངས།སྐེད་ལ་རལ་གྲི་འདམ་གང་འདྲེན། གློ་ལ་དངུལ་གྲི་དང་གློ་གཟུང་མེ་ཆ་བཅས་ནར་མོར་འཕྱང་། མགུལ་ལ་ཁྲ་བོ་གཟི་དང་དམར་པོ་བྱུ་རའི་མགུལ་རྒྱན་བཏགས། རྒྱབ་ལ་བོག་འཁུར།འོག་ལ་རྟ་བཞོན་པས་བལྟས་ན་མིག་གིས་མི་བཟོད་པར་བྱེད།ལྷག་པར་བུད་མེད་རྣམས་ཀྱི་ཆ་ལུགས་དེ་ཡུལ་གཞན་དང་མི་འདྲ་བར་ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཡིན་ཏེ།མགོ་ལ་གཡས་སྐྲ་དང་གཡོན་སྐྲ་ཚན་པ་གཉིས་དང་། རྒྱབ་སྐྲ་ཚན་གཅིག་བཅས་ཡོད་པ་ལ་འཇམ་པོ་རས་ཀྱི་གཙུག་ཤུབས་བཏགས།དེའང་གཡས་གཡོན་གཉིས་ཀྱི་ཐོག་དངུལ་ཕབ་ཆ་གཅིག་དང་། རྒྱབ་སྐྲ་ལ་རྒྱལ་སྲིད་སྣ་བདུན་གྱི་རི་མོ་བཀོད་པའི་རྒྱལ་སྲིད་བཏགས།དངུལ་ཕབ་དང་རྒྱལ་སྲིད་ལ་རིན་ཆེན་བྱུ་རུ་དམར་པོའི་ཕྲ་རྒྱན་ཡང་བཙུགས།དེའི་འདབས་ལ་དངུལ་རྒྱན་ནོར་བུ་ཟུར་གསུམ་ཅན་དང་དཀྱིལ་གྱི་རྒྱབ་སྐྲ་ལ་རྒྱལ་སྲིད་བཏགས་པ་བཅས་པའི་དེ་ཚང་མ་ལ་དྲུག་འཛོམས་ཟེར། སྐྲ་མཇུག་གི་རྒྱབ་སྐྲའི་གཙུག་ཤུབས་ལ་དངུལ་གྱིས་བརྡུངས་པའི་བྱ་ཁྱུང་ཕྲ་གསུམ་མ་ཕྱེ་མ་ལེབ་ཀྱི་གཟུགས་འདྲ་བའི་དངུལ་ཐག་དགུ་སྒྲིག་ཡོད། བྱུ་རུ་ཞིབ་མ་གཉིས་གཤིབ་ཅན་གྱི་སྐྲ་སྒྲོག་དང་བཅས་པའི་རྣ་སྐྲ་འཕྱང་དགོས། སྐེད་པར་དངུལ་གྱི་ཆབ་ལོང་ལ་དངུལ་ཕབ་ལེབ་དགུ་མ་དང་ཆབ་མགོ་བཅས་ཡོད།མདུན་ལ་སྟོང་སྐུད་དང་ཤད་མའི་པང་གདན་ཤིན་ཏུ་མཛེས་པ་བཅིངས། བྲང་ལ་གསེར་དངུལ་གྱི་གའུ་དང་གཟི་བྱུ་རུའི་མགུལ་རྒྱན་འདོགས། ལུས་ལ་ལུག་ཆུང་ཚ་རུར་གོས་ཆེན་དང་འགོ་སྣམ་གྱི་རྒྱབ་གཡོག་སྤྲས་པའི་གོས་གྱོན་པ་སོགས་ཡུལ་འདིའི་བུད་མེད་རྣམས་ཀྱི་མགོ་དང་རྒྱབ་ལ་བལྟས་ན་དབྱར་ཁའི་སྤང་ལྗོངས་ལ་མེ་ཏོག་རྣམ་པར་བཀྲ་བ་ལྟར་བལྟ་བས་ཆོག་མི་ཤེས་པ་མཛེས་པ་ཡོད།ཆ་ལུགས་དེ་ནི་གླིང་གེ་སར་རྒྱལ་པོས་འབྲུག་མོ་མནའ་མ་མདོ་ཁམས་རྒྱལ་མོ་ལེན་དུས་ཀྱི་ཚུལ་ཡིན་ཟེར་སྲོལ་ཡོད། ལོ་གསར་དུས་ཆེན་ལ་གྲོང་ཚོ་སོ་སོར་སྔ་སྲོལ་གྱི་བྲོ་འཆམ་པ་རེད།བྲོ་འཆམ་དུས་ཤོག་སོ་སོར་བགོས་ནས་བྲོ་ཤགས་འགྱེད་པ་ཡིན་ཞིང་། གཅིག་ཁྲིད་གཅིག་གིས་ལན་རྒྱག་དགོས།བྲོ་ཚིག་ལའང་འགྲོ་ལུགས་མང་ཙམ་ཡོད། ཆོས་བྲོ་དགུང་ཨ་སྔོན་དང་གངས་སྟོད་མཐོན་པོ། གཡང་བྲོ་གླུ༼  བྲོ༽ ནག་བཅས་ཡིན། བྲོ་ཚིག་གང་གི་འགྲོ་ལུགས་བྱེད་རུང་།དེ་ཉིད་མ་གཏོགས་ཁ་ནང་གང་བྱུང་གཏོང་མི་ཆོག  བྲོ་རེ་རེ་ཁྲིད་དུས་ཕམ་རྒྱལ་སུ་འོང་མཐར་ཕུད་ནས་ཉིན་ཞག་གསུམ་བཞི་སྦྲེལ་ནས་འཆམ་པ་རེད། ཚིག་དེ་དཔེ་དང་དཔེ་ཅན་གྱི་གཟུགས་སུ་བཀོད་པར་ཤིན་ཏུ་སྙན། 

དགུང་ཨ་སྔོན་ལ་བསྟོད་པ་ནི།

1དགུང་སྔོན་མཐོན་པོ༼  ཚོ ༽ ཨ་མ་འབྲུག་མོའི་ས་ཆ།

གསལ་བྱེད་ཉི་ཟླ་རིགས་བཟང་མཁའ་འགྲོའི་གདུང་རྒྱུད།

སྐལ་བརྒྱ་གྲལ་འགྲིག་མ་དང་མཁའ་འགྲོའི་བྲོ་འཆམ།

2བྲག་སྟོད་མཐོན་པོ༼  ཚོ ༽ ཨ་མ་འབྲུག་མོའི་ས་ཆ།

ཐང་དཀར་རྒོད་པོ་རིགས་བཟང་མཁའ་འགྲོའི་གདུང་རྒྱུད།

བྱ་བརྒྱ་གྲལ་འགྲིག་མ་དང་མཁའ་འགྲོའི་བྲོ་འཆམ།

3ཁམས་ཀྱི་ས་གཞི༼ ཚོ ༽ ཨ་མ་འབྲུག་མོའི་ས་ཆ།

དྲིན་ཆེན་ཕ་མ་རིགས་བཟང་་མཁའ་འགྲོའི་གདུང་རྒྱུད།

མིང་སྲིང་གྲལ་འགྲིག་མ་དང་མཁའ་འགྲོའི་བྲོ་འཆམ།

 དེ་དང་དེ་འདྲ་བའི་བྲོ་འཆམ་དུས་བྲོ་ཚིག་དགུང་ཨ་སྔོན་ལ་གཞི་འཛིན་དགོས།དཔེ་གངས་དཀར་ལ་བསྟོད་པ་ནི།1གངས་སྟོད་མཐོན་པོ་ས་སྐྱིད་རང་ཡུལ་ཡིན།

སེང་ཆུང་དཀར་མོ་སེམས་སྐྱིད་ཕ་མ་རེད།

གཡུ་རལ་སྔོན་པོ་འཛོམས་པའི་སྨོན་ལམ་ཤོག

2སྤང་སྟོད་མཐོན་པོ་ས་སྐྱིད་རང་ཡུལ་ཡིན།

ཤྭ་བ་སྨུག་ཆུང་སེམས་སྐྱིད་ཕ་མ་རེད།

དུང་རྭ་ཕྲ་མོ་འཛོམས་པའི་སྨོན་ལམ་ཤོག

3ནགས་སྟོད་མཐོན་པོ་ས་སྐྱིད་རང་ཡུལ་ཡིན།།

རྒྱ་སྟག་ཁྲ་བོ་སེམས་སྐྱིད་ཕ་མ་རེད།།

གྲ་ལོ་ཡག་མོ་འཛོམས་པའི་སྨོན་ལམ་ཤོག །

དཔེ་དེ་དང་དེ་འདྲ་བའི་བྲོ་རེ་རེ་བཞིན་དུ་མཐར་ཕུད་དགོས་པར་མ་ཟད། སུ་རྒྱལ་སུ་ཕམ་གྱི་ཤན་འབྱེད་པར་བྱེད་དགོས།དེ་རྒྱལ་བར་དཔའ་དར་དང་ཕམ་ན་འཁོར་གསུམ་མགོ་ལ་བསྐོན་ནས་དམའ་འབེབས་བྱེད།

    དབྱར་རྟ་རྒྱུགས་ཀྱི་དུས་ཆེན་ལ་ཐང་པད་མའི་ཚལ་གྱི་དཀྱིལ་ལ་གུར་དཀར་པོ་ཁ་བ་འབབ་འདྲ།འབངས་མི་སེར་སྐར་ཚོགས་བཀྲ་འདྲ། རྟ་རྐྱང་ཁྱུ་མེ་ཏོག་འཁྲུངས་འདྲ་ལ།ཕོ་གསར་རྣམས་ཀྱིས་ལུས་ལ་མཆོར་གོས་གྱོན།འོག་གི་རྟ་ལ་རྒྱ་ནག་དང་གཙང་གསར་གྱི་དམར་སྤྲན་དང་བྱ་འཇུག་ཅན་གྱི་སྟན་དང་། གསེར་སྒ་དང་། དངུལ་སྒ། སྦལ་སྒ། ལྭ་སྒ་བཅས་བསྟོད།སྒ་ལ་རྒྱ་ཡོབ།བོད་ཡོབ།སོག་ཡོབ་བཅས་བཏགས། རྒྱ་ནག་དང་གཙང་གི་སྲབ་སྨད་མཐུར་གསུམ་གྱིས་བརྒྱན་ཏེ་དུས་ཆེན་ལ་ཞུགས། ཐོག་མར་ཞོགས་པ་སྔ་མོ་ཡུལ་གྱི་ལྷ་ཀླུ་གཞི་བདག་ལ་བསངས་མཆོད་དུད་སྤྲིན་ལྷ་ལམ་འགེངས་པ་གཏོང་བ་དང་། ཚོན་སྣ་ལྡན་པའི་རླུང་རྟ་སྒྲོན་ས་འགྲོ་དགོས། དེ་ནས་སྒར་ལ་ལོག་མཚམས་རྟ་རྒྱུག་འགྲན་པའི་མགོ་བཙུགས་ཏེ།དེར་ཨང་ཀི་ལེན་པའི་རིང་རྒྱུག་འགྲན་པ་དང་།རྟ་ཐོག་ནས་མདའ་རྒྱག་པ་དང་། བོག་འཕེན་པ། རྟ་ལམ་འཕྱང་ནས་ས་ཐོག་གི་ཁ་བཏགས་ལེན་པ། སྒ་འགྱུར་འཕངས་པའི་རྟ་རྩལ་འགྲན་པ་བཅས་བྱས་པར་མ་ཟད། ལུས་རྩལ་རྩེད་མོ་ཡང་མང་པོ་ཡོད་པ་དཔེར་ན། མིའི་རྒྱུག་ཚད་འགྲན་པ་དང་། ཐག་ཤེད་ཚད་པ།བོག་འབེན་བྱེད་རྒྱུ་བཅས་ལྟ་བུ་རེད། དགོང་མོ་གཞས་དང་ཞབས་བྲོ་འཁྲབ་པ་སོགས་དགའ་སྟོན་ཉི་མ་བཅུ་ཙམ་བྱེད།དེའི་དུས་སུ་ལྷ་མོའང་འཁྲབ་དགོས་པ་རེད། 

   བཞི། 

     གོང་གསལ་དུས་ཆེན་དེ་དག་གི་དུས་ནི་གཉེན་སྟོན་བྱེད་པའི་དུས་བཟང་ཞིག་ཀྱང་ཡིན། ཡུལ་འདིའི་གཉེན་སྟོན་ལུགས་སྲོལ་ནི། བུ་མོ་བག་མར་འགྲོ་བའམ་བུ་མག་པར་འགྲོ་བ་གང་ཡིན་ཡང་། ཁྱིམ་ཚང་གཉིས་ཀྱིས་གཉེན་སྟོན་བྱེད་པའི་དུས་ནི་གྲོས་བྱས་ནས་གཟའ་ཉིན་སྐར་བཟང་པོ་ཞིག་ལ་ཐག་གཅོད་དགོས། དེ་ལྟར་གཟའ་སྐར་བཟང་བའི་ཉིན་དེའི་སྔར་ཉིན་བག་མ་གཏོང་མཁན་ཞང་པོ་ཚང་གིས་གྲ་སྒྲིག་ལེགས་པར་བྱས་ནས། ཉེ་འབྲེལ་དང་གྲོང་མི་ཐམས་ཅད་ལ་མགྲོན་ཆ་བྱས་ཏེ་མགྲོན་འབོད་སྟོན་མོ་བྱེད་དགོས་ཤིང་། བག་མ་བསུ་མཁན་གཉེན་པོ་ཚང་གི་བསུ་མཁན་འོང་དགོས། སྟོན་མོ་བྱེད་ལུགས་ལ་སྟོན་ཆེན།སྟོན་འབྲིང་། སྟོན་ཆུང་གསུམ་ཡོད།སྟོན་ཆེན་ལ་རྐྱ་པ་དགུ།སྟོན་འབྲིང་ལ་རྐྱ་པ་བདུན། སྟོན་ཆུང་ལ་རྐྱ་པ་ལྔའང་གསུམ་ཡིན།འདིར་སྟོན་འབྲིང་ཞིག་ལ་ཆ་བཞག་ན། དེ་ཉིན་གཉེན་པོ་ཚང་གི་བསུ་མི་རྐྱ་པ་གསུམ་འོངས་ནས་ཞང་པོ་ཚང་གི་ཁྱིམ་དུ་ཞག་གཅིག་བསྡད་དེ། ཕྱི་ཉིན་མནའ་མའི་ཕུ་བོའམ་ཡང་ན་ཞང་པོ་གཉིས་དང་བག་རོགས་བུ་མོ་གཅིག་མོ་རང་བཅས་རྐྱ་མི་བཞི་བཅས་ཁྱོན་བསྡོམས་རྐྱ་མི་བདུན་འཛོམ་དགོས། ཞོགས་པ་གནས་ལ་འགྲོ་དུས་མནའ་མས་ཁང་བའི་དཀྱིལ་ཀ་ལ་སྐོར་བ་གཡས་སྐོར་གསུམ་བྱས་ནས་དཀྱིལ་ཀ་ལ་ཁ་བཏགས་ཤིག་གསོལ། དེ་ནས་ཕ་མ་གཉིས་ཀྱི་མདུན་སོང་ནས་ཁ་བཏགས་ཕུལ་ནས། 

བཀའ་དྲིན་ཅན་གྱི་དྲིན་ཆེན་ཕ་མ་གཉིས། 

བུ་མོ་གསོས་པའི་དྲིན་ལན་ངས་མི་བརྗེད། 

མི་སྒོ་འགྲིམ་ཡང་ཕ་མའི་དྲིན་མི་བརྗེད། 

བྱམས་སེམས་ཕ་མ་སྐུ་ཁམས་བདེ་བར་ཤོག

 ཅེས་སྨོན་ལམ་བཏབ་སྟེ་ཁ་བཏགས་དེ་ཕ་མའི་མགུལ་ལ་བསྒྲོན་ནས་ངུ་བཞིན་རྟ་ལ་བཞོན་ཏེ་སྒོ་ནས་ཐོན། ལམ་བར་ལ་ཆུ་ལེན་མཁན་དང་ལག་ཏུ་དངོས་པོ་འཁྱེར་མཁན་འདྲ་འཕྲོད་ན་རྟེན་འབྲེལ་གྱི་ཁ་བཏགས་གཏོང་དགོས།གྲོང་ཚོ་དང་ས་ཚུགས་སུ་ཉེ་འབྲེལ་རྣམས་ཀྱིས་གདན་བརྒྱབ་ནས་ཐུང་བསུ་བྱེད་མཁན་ཡོད་ན་རྟ་ལས་བབས་ཏེ་གདན་ཐོག་བསྡད་ནས་ཆང་དཀར་ཡོལ་གསུམ་རེ་བཏུང་ཞིང་། དེར་གདན་དར་སྒོར་མོ་ཡང་འཇོག་དགོས། གཉེན་པོ་ཚང་གི་སྒོའི་ཉེ་སར་སླེབས་དུས། ཁྱིམ་ཚང་དེའི་ཕྱོགས་ཀྱི་བུ་བོ་གཟུགས་མཛེས་ལ་བཀྲ་ཤིས་པ་རིགས་བཟང་བ་ཞིག་གིས་ལག་ཏུ་མཛོད་དར་དཀར་པོ་ཞིག་ཁྱེར། མནའ་མ་རྟའི་ཁ་རྩར་སོང་ནས། བཀྲ་ཤིས་པའི་ཁ་བཏགས་ཡར་ལ་འབུལ། དོན་འགྲུབ་པའི་སྲབ་མདའ་མར་ལ་གནང་ཟེར་ཞིང་ཁ་བཏགས་མཛོད་དར་དཀར་པོ་དེ་མནའ་མའི་ལག་ཏུ་ཕུལ་ནས་སྲབ་མདའ་བཟུང་ཏེ་མནའ་མ་རྟ་ཐོག་ནས་མར་བབས་ཏུ་བཅུག གཉེན་པོ་ཚང་གི་ཕྱི་སྒོ་ལྟད་མོ་ལྟ་མཁན་གྱི་མི་ཚོགས་དཀྱིལ་ལ་མེ་ཕུང་ཞིག་བུད་ཡོད་པས། མནའ་མ་བཅས་པའི་མི་བདུན་པོས་མེ་ལ་གཡས་སྐོར་གསུམ་བྱས་རྗེས་སྐྱེལ་མཁན་ཞང་པོ་ཚང་གི་མི་ཁ་བདེ་མོ་ལྕེ་རྣོན་པོ་ཞིག་གིས་སྐེད་པའི་གྲི་མགོ་འཇུས་ནས་མེ་ལ་བཤད་པ་བྱེད་པ་འདི་ལྟར་རོ།།

འོ་ལྷ་གསོས་ལོ་ལྷ་རྒྱལ་ལོ། །

དེ་རིང་གནམ་ལ་སྐར་མ་བཟང་། །

ཉི་ཟླ་སྐར་གསུམ་འཛོམས་པའི་དུས། །

སང་ཉིན་ས་ལ་དུས་ཚོད་བདེ། །

སྐྱིད་བཀྲ་ཤིས་ཉི་མ་དེ་རིང་ཡིན། ། 

གནས་ཕུན་སུམ་ཚོགས་པ་དེ་རིང་ཡིན། །

ས་འདི་ལ་མེ་ཞིག་འབུད་པ་དེ། །

སྐྱེས་ཕོ་རབ་ཀྱིས་འབུད་པ་ཡིན་ནམ། །

སྐྱེས་མོ་རབ་ཀྱིས་འབུད་པ་ཡིན།།

དེར་མི་ཚོགས་དཀྱིལ་ནས་མི་ཞིག་གིས་སྐད་གསང་མཐོན་པོས་སྐྱེས་མོ་རབ་ཀྱིས་འབུད་པ་ཡིན་ཞེས་བརྗོད་པ་ན།ཡང་མི་དེས་མུ་མཐུད་དེ་གཏམ་བཤད་པར།

སྐྱེས་ཕོ་རབ་ཀྱིས་བུད་པ་ཡིན་ན།།

ཕོ་ལྷ་མཆོད་དགྲ་ལྷ་མཆོད།།

དགྲ་ལྷ་མེ་སྟག་དམར་པོ་མཆོད།།

གླིང་གི་དཔའ་རྟུལ་སུམ་ཅུ་མཆོད།།

ཡང་ཐུལ་དམ་པ་མི་བདུན་མཆོད།།

ཞེ་ཐུལ་ཁྲ་གླག་སྤྱང་གསུམ་མཆོད།།

གླིང་ཕྲུག་གེ་སར་རྒྱལ་པོ་མཆོད།།

སྐྱེས་མོ་རབ་ཀྱིས་བུད་པ་ཡིན་ན།།

མོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་མཆོད།།

སྲུང་མ་དཔལ་ལྡན་ལྷ་མོ་མཆོད།།

སྐྱ་ལོ་སེང་ལྕམ་འབྲུག་མོ་མཆོད།།

ཅེས་ཟེར་ཞིང་གྲི་དེ་ཤུབས་ནས་བཏོན་ཏེ་གནམ་ལ་འཕྱར་ཞིང་གྲི་བཤད་བྱེད་པ་འདི་ལྟར།

གྲི་འདི་གྲི་ངོ་ཨེ་ཤེས་གི

གྲི་འདི་གྲི་ངོ་མ་ཤེས་ན།

རྒྱ་ལྕགས་བོད་ལྕགས་སོག་ལྕགས་གསུམ།

ཁྲ་མོ་གླིང་གི་ངར་ལྕགས་ཡིན།

ཉི་ཤུ་དགུ་ལ་དགུ་བརྡུངས་བྱས།

ཚེས་པ་བཅོ་ལྔ་བརྡར་ཆུ་བླུད།

ཚེས་པ་གསུམ་ལ་བརྡར་ཁ་ལེན།

གྲི་མགོ་ལ་བལྟས་ན་གྲི་མགོ་ཡག

གྲི་མགོ་ཉི་མ་རང་ཤར་ཡིན།

གྲི་སྐེད་ལ་བལྟས་ན་གྲི་སྐེད་ཡག

གྲི་སྐེད་ཟླ་བ་རང་འཚེར་ཡིན།

གྲི་མཇུག་ལ་བལྟས་ན་གྲི་མཇུག་ཡག

གྲི་མཇུག་སྨིན་དྲུག་རང་བཀྲ་ཡིན།

གྲི་འདི་ཨེ་ཡག་ལ་བལྟས་ན།

སྟོང་སྐུད་དམར་པོས་ཚ་འཕྱང་འཕེན།

གྲི་འདི་ཨེ་མཛེས་ལ་བལྟས་ནས།

བྱུ་རུ་དམར་པོ་ཕྲ་རྒྱན་སྤྲས།

འདི་ཕྱུག་པོ་མར་དོ་ཁ་སྤྲོད།

བཙན་པོ་སྟག་གཟིག་ཁ་སྤྲོད།

འཇམ་པོ་བལ་དོ་ཁ་སྤྲོད།

བཀྲ་ཤིས་པའི་ཁྱིམ་ཚང་འདི་གཉིས།

ནང་གི་མི་ལ་ན་ཚ་མེད་པ།

ཕྱི་ཡི་ཕྱུགས་ལ་གོད་ཁ་མེད་པ།

ནད་རིགས་བཞི་བརྒྱ་རྩ་བཞི་དང་།

རྐྱེན་ངན་བར་ཆད་མ་ལུས་པ།

གྲི་འདིས་ཐལ་བ་འཕྱགས་འདྲ་བྱས།

མཐའི་རྒྱ་མཚོ་ཕ་རོལ་སོང་།

ཟེར་བའི་མོད་ལ་གྲིས་མེ་ཤུལ་ཐལ་བ་འཕྱགས་ཙམ་བྱེད་དགོས།ཡང་བར་སྒོའི་འགྲམ་དུ་སླེབས་དུས།ཆུ་ཟོམ་གསུམ་གཙུགས་ཡོད་པའི་ཟོམ་ཁར་མར་གྱིས་བརྒྱན། ཟོམ་རེའི་ཁ་ལ་ཤུག་པའི་ཡལ་ག་རེ་བཞག དེའི་མདུན་ལུས་ལ་དར་གོས་ཆེན་གྱི་གོས་བཟང་གྱོན་པའི་བུ་མོ་ལང་ཚོ་ལྡན་པ་གསུམ་ལངས་ཡོད། དེར་གཉེན་པོ་ཚང་གི་བསུ་མིའི་ནང་ནས་མི་ཁ་བདེ་མོ་ནེ་ཙོ་དང་འདྲ་བ་ཞིག་གིས་ལག་པས་ཟོམ་ཁའི་ཤུག་པ་ཞིག་བླངས་ཏེ་མཆོད་གསུམ་ཕུལ་ནས་གཏམ་བཤད་བྱེད་པ་འདི་ལྟར།

མཆོད་དང་པོ་སྟེང་ཕྱོགས་ལྷ་ལ་མཆོད།

མཆོད་གཉིས་པ་བར་ཕྱོགས་གཉེན་ལ་མཆོད།

མཆོད་གསུམ་པ་འོག་ཕྱོགས་ཀླུ་ལ་མཆོད།

ཆུ་ཆེན་མཆེད་པའི་གངས་དཀར་མཆོད།

རྒྱ་མཚོ་བླུག་པའི་ཕོ་བྲང་མཆོད།

ཨོ་རྒྱན་པད་མའི་སྒྲུབ་ཆུ་མཆོད།

ཚེ་དཔག་མེད་ཀྱི་ཚེ་ཆུ་མཆོད།

ཆུ་རྒྱ་ཟོམ་ཁ་ཡི་མི་གསུམ་མཆོད།

མི་གསུམ་ཨ་རོགས་གྲལ་མཉམ་མཆོད།

ཆུ་འདིའི་ཆུ་ཕུག་ཨེ་ཤེས་གི།

ཆུ་འདིའི་ཆུ་ཕུག་མ་ཤེས་ན།

སྟོད་རྒྱ་གར་བབས་པའི་ཆུ་བཞི་ཡིན།

སྨད་རྒྱ་ནག་འཁྱིལ་བའི་མཚོ་བཞི་ཡིན།

བོད་རང་ཡུལ་བཀྲ་བའི་མཚེའུ་བཞི་ཡིན།

སྨན་བུ་མོ་གནས་ལ་འགྲོ་མི་འདི།

རིགས་རྒྱུད་གཙང་པོའི་ཆུ་ལས་རིང་།

བློ་རིགས་དྭངས་མོ་ཆུ་ལས་གསལ།

གཤིས་རྒྱུད་དལ་མོ་ཆུ་ལས་འཇམ།

ཕ་ཨ་ཁུའི་རྟ་ཆུ་བླུད་མི་དང་།

མ་སྲིང་མོའི་ཇ་ཆུ་ལེན་མི་ཡིན།

འགྲོ་མ་ཤེས་བར་ལ་འགྲོ་སློབ་རོགས།

སྡོད་མ་ཤེས་བར་ལ་སྡོད་སློབ་རོགས། ཞེས་གཏམ་བཤད་ཚར་བ་དང་ཆུ་ཟོམ་ཁའི་བུ་མོ་གསུམ་གྱི་མགུལ་ལ་ཁ་བཏགས་རེ་བསྐོན་དགོས། དེ་ནས་སྒོ་ལ་སླེབས་དུས་བླ་མ་ཞིག་གིས་བདུད་རྩི་གངས་ཆུས་འཁྲུས་བྱེད། ཁྱིམ་ནང་སླེབས་པ་དང་དཀྱིལ་ཀ་ཕྲ་མོ་ལ་ཁ་བཏགས་གཏོང་། གཡས་སྐོར་ལན་གསུམ་བྱེད།ཁྱིམ་ནང་ཕྱིང་པ་དཀར་པོའི་གདན་ལ་འབྲུ་རིགས་སྣ་ལྔའི་གཡང་དྲུང་བྲིས་པའི་ཐོག་མནའ་མ་བཞུགས། དེར་བུ་མོ་མིང་བཀྲ་ཤིས་པ་རྣམ་རིག་ཅན་ཞིག་གིས་ལག་གཡས་པར་དཀར་ཡོལ་བཀྲ་ཤིས་རྟགས་བརྒྱད་འོ་མས་གང་བ་བཟུང་། ལག་གཡོན་པས་དངུལ་ཐུར་ཞིག་བཟུང་ནས་མཆོད་གསུམ་ཕུལ་ཏེ། ཁ་རྒྱ་དར་ལོན་པའི་དཀར་འོ་དང་། ཚེ་དབང་ཐང་ཆེ་བའི་དཀར་འོ་གཉིས། སེམས་གངས་དཀར་འདྲ་བའི་དཀར་འོ་གསུམ། དེ་རིང་བུ་མོ་ཁྱོད་ལ་འབུལ་ཟེར་ནས་འོ་མ་དངུལ་ཐུར་གསུམ་བླུད། དེར་བག་མ་དང་བག་རོགས་བག་སྐྱེལ་ཚང་མ་ལ་བཟའ་བཏུང་ཕུན་སུམ་ཚོགས་པ་དྲངས་རྗེས། གཉེན་པོ་ཚང་གི་སྐུ་ཚབ་མི་བབས་ཆགས་པ་ཁ་བདེ་མོ་ཞིག་གིས་ཁ་བཏགས་མཛོད་དར་ཉིན་མོ་བདེ་ལེགས་ཤིག་ལག་ཏུ་བཟུང་ནས་མནའ་མའི་མདུན་ལ་ཁ་གཏད་དེ།

 དེ་རིང་གནམ་ལ་སྐར་མ་བཟང་།

 སང་ཉིན་ས་ལ་དུས་ཚོད་བདེ།

 ཁ་བཏགས་རྒྱ་དར་དཀར་པོ་འདི།

 དཀར་མི་དཀར་ཙམ་གྱི་བཤད་པ་ན།

སྟོད་གངས་རི་དཀར་པོ་ལས་ཀྱང་དཀར།

རིང་མི་རིང་ཙམ་གྱི་བཤད་པ་ན།

སྨད་གཙང་ཆུ་སྔོན་པོ་ལས་ཀྱང་རིང་།

འཇམ་མི་འཇམ་ཙམ་གྱི་བཤད་པ་ན།

དྲིན་ཆེ་བའི་ཕ་མ་ལས་ཀྱང་འཇམ།

སྲ་མི་སྲ་ཙམ་གྱི་བཤད་པ་ན།

རྡོ་རྗེ་ཡི་བྲག་རི་ལས་ཀྱང་སྲ།

སྟོད་རྒྱ་གར་རྒྱལ་པོའི་ཆོས་དར་དང་།

སྨད་རྒྱ་ནག་རྒྱལ་པོའི་ཁྲིམས་དར་དང་།

ཕྱི་མི་འགྱུར་བཀྲ་ཤིས་རྟགས་བརྒྱད་རིས།

ནང་མི་འགྱུར་རྒྱལ་སྲིད་སྣ་བདུན་རིས།

བར་མི་འགྱུར་དགོས་འདོད་ཀུན་འབྱུང་རིས།

ཚེ་མི་འགྱུར་རྡོ་རྗེའི་མདུད་པ་ཡིན།

གཡང་མི་འགྱུར་ཕྱུག་གི་རི་མོ་ཡོད།

གོང་བླ་མ་ལ་ཕུལ་ན་མཇལ་དར་ལོ།

དཔོན་བཟང་པོ་ལ་ཕུལ་ན་ཁྲིམས་དར་འོང་།

དྲིན་ཆེན་ཕ་མ་ལ་ཕུལ་ན་ཞུ་དར་ཉན།

བུ་ཚ་བུ་མོར་ཕུལ་ན་གཉེན་དར་ལོ།

དཀྱིལ་ཀ་ཕྲ་མོ་ལ་ཕུལ་ན་གྲོ་དར་འོང་།

དེ་དཀར་པོ་དར་གྱི་ལེབ་ཆེན་འདི།

སྒྲོལ་མ་དཀར་པོ་ཡི་ཚེ་དར་ཡིན།

དེ་རིང་བུ་མོ་ཁྱེད་ཀྱི་མགུལ་ལ་ཕུལ།

ཞེས་ཟེར་ནས་དར་དཀར་པོ་དེ་བུ་མོའི་མགུལ་ལ་གཡོགས། དེ་ནས་དགའ་སྟོན་གྱི་ཞབས་བྲོ་འཁྲབ། བག་མ་ཞག་གསུམ་བསྡད་ནས་རང་ཡུལ་ལ་ལོག། དེ་རྗེས་ཁྱིམ་ཚང་གཉིས་པོས་གྲོས་བྱས་པ་བཞིན་དུས་ཐོག་བག་མ་ཚུར་འོང་དགོས།

ལྔ།

    དེ་ཡང་ལི་ཆུ་སྔོན་པོ་བྱང་ཐང་ཆེན་པོ་བརྒྱུད་དེ་ཡུལ་སྨད་ལ་ལུང་གུ་དོག་ཀྱང་ནགས་ཚལ་ལྡན་པའི་ཚོ་གསུམ་མོ་ལ་སྣ་པོ་ས་ཁུལ་གསུམ་བརྒལ་ཏེ་བཞུད་དོ།། ལི་ཆུ་སྨད་ཀྱི་ས་ཁུལ་འདི་གསུམ་ནི་ས་ཞིང་ཁོད་སྙོམ་མར་ཁུ་འཁྱིལ་འདྲ་ལ་གྲོ། ནས། སྲན། ཡུང་མ། བྲ་བོ་སོགས་འབྲུ་རིགས་སྣ་ཚོགས་ཐོན་པའི་བང་མཛོད་ཡིན། ནགས་ཚལ་སྟུག་པོ་དེ་དག་གི་ནང་གཟིག དོམ། དྲེད། སྤྱང་ཀི། འཕར་ར་སོགས་གཅན་གཟན་མང་པོ་དང་། ཤྭ་བ། གླ་བ། ར་རྒོད་སོགས་རི་དྭགས་སྣ་ཚོགས་ཡོད། ཡུལ་འདི་གསུམ་གྱི་ཆ་ལུགས་ལུགས་སྲོལ་ནི་བྱང་ཆེན་ལི་ཐང་སྟེང་དང་འདྲ་བ་རེད། དེ་ནས་ལི་ཆུ་སྔོན་པོ་དེ་རི་ཐང་ལུང་པ་མང་པོ་བརྒྱུད་དེ་རྨུ་ལི་རྫོང་བརྒལ་ནས་ཉག་ཆུ་ནང་འདུས་སོ།། ལི་ཆུ་སྔོན་པོ་ལ་ད་དུང་ཡ་མཚན་ཆེ་བའི་ཁྱད་ཆོས་ཤིག་ཡོད་པ་ནི་ཆུ་མགོ་མཇུག་བར་གསུམ་ཚང་མ་ལ་གསེར་གྱི་གཏེར་ཁ།

    མཛེས་ཤིང་ཡིད་དུ་འོང་བའི་མེས་རྒྱལ་གྱི་ས་ཁུལ་ལི་ཆུ་སྔོན་པོ་རྒྱུ་བའི་འགྲམ་དུ་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་རིགས་མི་དམངས་ཚོས་ད་ལྟ་དེང་རབས་ཅན་བཞི་འཛུགས་སྐྲུན་བྱེད་ཆེད་འབད་བརྩོན་ལྷོད་མེད་ཀྱིས་རང་རང་གི་ལས་ལ་འབད་བཞིན་པ་ཡིན་ནོ།།


  • ལེ་ཚན་སྔོན་མ།:གཏམ་དཔེ་ཕྱོགས་བསྒྲིགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།