ལུས་སེམས་བདེ་ཐང་ནི་ཀུན་གྱི་རྩ་བ་ཡིན།

ལྕང་ཞབས་པ་འགྱུར་མེད་ཚེ་དབང་།        2021-10-08

དང་པོ། བདེ་ཐང་གལ་ཆེ་བའི་སྐོར་བཤད་པ།

    བདེ་ཐང་ནི་ཀུན་གྱི་རྩ་བ་ཡིན་པ་ཡང་། མི་ཚེའི་བདེ་ཐང་ནི་འབྱོར་ཕྱུག་གི་དང་པོ་དེ་ཡིན། བདེ་ཐང་ནི་དངུལ་དང་འབྱོར་བ་སོགས་ཀྱིས་འགྲན་ཟླ་དང་བྲལ་བ་ཞིག་རེད། བདེ་ཐང་ནི་འཚོ་སྡོད་ཀྱི་མ་རྩ་དངོས་མ་དེ་ཡིན། ལུས་སེམས་ལ་བདེ་ཐང་ཡོད་ན། ཆེས་བཟང་བ་དེ་ཡིན། མི་ཚེའི་གནད་འགག་ཆེ་ཤོས་གཅིག་ནི། ལུས་སེམས་བདེ་ཐང་གི་ངང་ནས་དགའ་སྤྲོ་དང་། ཡིད་ཚིམས་ངང་ནས་དགོད་སྒྲ་ཡོད་པ་དེ་ཡིན། སྐབས་དང་སྐབས་སུ་བདེ་ཐང་སྒོར་མོས་ཉོ་མི་ཐུབ་པ་དང་དཔལ་འབྱོར་གྱིས་མཁོ་སྒྲུབ་བཟོ་མི་ཐུབ་པའི་གནས་ཚུལ་ཡོད་པའང་མཁྱེན་གསལ་ལྟར་རོ།། གནའ་དེང་སོགས་དུས་ཀྱི་འགྱུར་བ་ཅི་ཙམ་ཆེ་རུང་བདེ་ཐང་ལ་གཙིགས་སུ་འཛིན་པར་འགྱུར་བ་གང་ཡང་ཐེབས་མ་མྱོང་། དེ་ཡང་ཡིན་ཏེ། བདེ་ཐང་ཚེ་སྲོག་ལ་འབྲེལ་བ་ཡོད་པས། བཤད་སྟངས་གཅིག་བྱས་ན་ཚེ་སྲོག་ནི་ཀུན་གྱི་རྩ་བ་དང་། གཞི་རྟེན་ཡིན་ལ། རྒྱུ་མཚན་དེས་སྨན་ལ་སྔ་བ་ཆུ་ཁོལ་མ་དང་། ཞིང་ལ་སྔ་བ་ཟོ་དང་ཞིང་དང་། གྲོང་ལ་སྔ་བ་འཕྱིང་པ་སྟག་རྩེ། མཁར་ལ་སྔ་བ་ཡུམ་བུ་བླ་སྒང་། ཞེས་པ་འདི་དག་གིས་འཚོ་སྡོད་ཀྱི་ཆ་རྐྱེན་བསྟན་པ་ཡིན་ཞིང་། བདེ་ཐང་གི་མཐུན་རྐྱེན་གལ་གནད་དུ་བཟུང་བ་ཡིན་པ་རེད། དཔེར་ན། ཟ་རྒྱུའི་ཟས། ལུས་སེམས་ལ་ཕན་བྱེད་ཀྱི་སྨན། སྡོད་སའི་གནས་ཁང་། གྲོང་རོགས་ཀྱི་མཐུན་རྐྱེན་བཅས་ལ་དམིགས་ནས་དེ་དག་བྱུང་བ་ཡིན། དེ་བཞིན་བདེ་ཐང་ནི་བདེ་བ་ཡིན་ལ། བདེ་བའི་དོན་དུ་འབད་བརྩོན་བྱེད་པ་ནི་དངོས་པོའི་ཆོས་ཉིད་ཡིན་ཏེ། ཇི་སྐད་དུ། ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུག། གྲོག་མ་མིག་མེད་བདེ་བའི་སླད་དུ་རྒྱུག། མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས།། གཅིག་ལས་གཅིག་མགྱོགས་བདེ་བའི་ཕྱོགས་སུ་རྒྱུག། ཅེས་གསུངས་པ་ལྟར་བདེ་བ་ནི་སྲོག་ཆགས་སྲིན་བུ་ཚུན་ཆད་ཀྱིས་དོན་དུ་གཉེར་བྱ་ཡིན་ལ། བདེ་བ་ཐོབ་ཕྱིར་བདེ་བའི་རྒྱུ་འཇིག་རྟེན་ལེགས་པའི་ལམ་དང་། སྤྱི་ཚོགས་ཀྱི་དཔལ་ཡོན་ལ་འཇུག་གི་རེད་སྙམ། དེ་བཞིན་སྤྲ་སྤྲེལ་མི་རུ་འགྱུར་བའི་གོ་རིམ་ཁྲོད་ནས་ཀྱང་འཚོ་བའི་མཐུན་རྐྱེན་བཟའ་ཆས་དང་། གོན་ཆས་རིགས་ཀྱི་འགྱུར་བ་ཧ་ཅང་མང་པོ་བཤད་ཡོད་པས། དེས་ཀྱང་བདེ་ཐང་གི་གལ་ཆེན་རང་བཞིན་དེ་མཚོན་ཡོད་པ་རེད། ད་དུང་མི་རྣམས་ཀྱིས་འཚོ་བ་ཙམ་གྱིས་ཡིད་མ་ཚིམས་ནས། འཆི་མེད་ཚེ་ཡི་རིལ་བུ་རྙེད་ཐབས་ལའང་མང་པོ་ཞིག་གིས་འབད་བརྩོན་བྱས་པའི་ལོ་རྒྱུས་ཀྱང་ཧ་ཅང་མང་པོ་ཡོད། སྐད་ཆ་འདིས་བདེ་ཐང་གི་གལ་ཆེན་རང་བཞིན་མང་པོ་ཞིག་དྲན་སློང་བྱེད་ཐུབ།

 གཉིས་པ། སྤྱི་ཚོགས་འཕེལ་རིམ་དང་བདེ་ཐང་གི་འབྲེལ་བ། 

   དེ་ཡང་འགྲོ་བ་མིའི་འཕེལ་རྒྱས་ནི་བྱ་འཕུར་བ་ལྟ་བུ་ཞིག་རེད། ནམ་རེ་གསལ་དུས་དངོས་པོ་གསར་པ་རེ་དང་། བྱ་བ་གསར་པ་རེ་མདུན་དུ་ཐོན་ཡོད། དེ་ཡང་རྡོ་ཆས་རྙིང་མ་ནས། རྡོ་ཆས་གསར་མ། ཟངས་ཀྱི་ལག་ཆ་ནས་ལྕགས་ཀྱི་ལག་ཆ། འབྲོག་ལས་ནས་ཞིང་ལས། ཞིང་ལས་ནས་བཟོ་ལས། བཟོ་ལས་ཀྱང་ཉེ་རབས་ནས་དེང་རབས་བཅས་འགྱུར་བ་ཚད་མཐོན་པོར་ཕྱིན་ཡོད་པ་ཤེས་གསལ་ལྟར་རེད། དེ་དག་ཀྱང་ངལ་རྩོལ་ལས་བྱུང་བ་ཡིན་ལ། རྒྱུ་མཚན་དེས་ངལ་རྩོལ་གྱིས་མི་ཡི་རིགས་ལ་འགྱུར་བ་གཏོང་བ་དེ་མཚོན་ཡོད་པ་རེད། ངལ་རྩོལ་དེ་ཡང་རྩ་བའི་ཆ་ནས་བཤད་ན། འཚོ་སྡོད་ཀྱི་དོན་དུ་ཡིན་ཞིང་། འཚོ་སྡོད་ཀྱང་བདེ་ཐང་ལ་རག་ལས་པ་དང་། དེ་བཞིན་ང་ཚོ་ཐོན་ལས་གསུམ་ལས་ཐོན་ལས་དང་པོ་དེ་རྩ་བའི་འཚོ་སྡོད་ཀྱི་མཐུན་རྐྱེན་ཡིན་པ་ཡང་ཀུན་ལ་གྲགས། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། རིག་པའི་བུ་ཆུང་ལུས་ཀྱི་ནང་དུ་བཏགས།། ལུས་ཀྱི་ཐོ་ཡོར་ཟས་དང་སྐོམ་ལ་བཏགས།། ཟས་དང་སྐོམ་ནི་ཕྱི་རོལ་རྐྱེན་ལ་བཏགས།། གསུངས་པའི་ལེགས་བཤད་གསེར་ཞུན་དེ་ཡང་ལན་གཅིག་དྲན་པར་བྱའོ།། དེ་ལྟར་ན་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྱུར་བ་ཚད་མཐོན་པོ་འདི་ལྟ་བུ་ཞིག་ཐོན་དུས། ང་ཚོས་བདེ་ཐང་རིག་གནས་ལ་དེ་ལས་ཀྱང་སྣང་འཇོག་དང་། མཐོང་ཆེན་ཞིག་མེད་ན་རྩ་བ་ནས་འགྲིག་གི་མེད་པ་དེ་ཡང་ཤེས་གསལ་ལྟར་ཡིན་པར་མ་ཟད། དུས་རབས་མི་འདྲ་བ་ལ། བདེ་ཐང་གི་ཚད་གཞི་མི་འདྲ་བ། བདེ་ཐང་གི་ཚད་གཞི་མི་འདྲ་བ་ལ། དེའི་ཐད་ཀྱི་གཟོབ་པ་ལྷུར་ལེན་དང་། བྱ་བ་སྤྱོད་ལམ་མི་འདྲ་བ་རེ་དགོས་པའང་ཆོས་ཉིད་ཅིག་རེད། གང་ལྟར་བསྡུས་ན་གནད་ཆེ་བ་ཕྱོགས་གཉིས་སུ་འདུས་ཀྱི་ཡོད། དང་པོ་ཁོར་ཡུག་བདེ་ཐང་དགོས་ལ། དཔེར་ན་ཁོར་ཡུག་འབགས་བཙོག ཁ་རླངས་དང་དུ་བའི་སྙིགས་རོ། གད་སྙིགས་ཀྱི་ཕུང་པོ་སོགས་ཀྱིས་འཚོ་སྡོད་ཀྱི་གཞི་རྟེན་ལ་འཇིགས་སྐུལ་བྱེད་པའི་གནས་ཚུལ་ཧ་ཅང་མང་། རང་རྒྱལ་གྱིས་འཛམ་གླིང་ལ་འགན་ཁུར་ནས། ཁོར་ཡུག་སྲུང་སྐྱོང་གི་ཐད་ལ། རྒྱུ་ཚེགས་མང་པོ་ཞིག་གཏོང་གི་ཡོད་པ་ཡིན་ལ། ཁ་ཡོད་ལག་ཡོད་ཀྱིས་ལས་ཀ་དེ་ཧ་ཅང་གིས་གཙིགས་སུ་འཛིན་གྱི་ཡོད། དེར་བརྟེན་སྤྱི་ཁྱབ་ཧྲུའུ་ཅིའི་ཞི་ཅིན་ཕིང་གིས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ཞེས་པའི་སྡོམ་ཚིག་འདིས་གལ་ཆེ་བའི་ཚུལ་ལེགས་པར་ཤེས་དགོས། གཉིས་པ་ཚེ་སྲོག་བདེ་ཐང་ཞེས་པ་ལུས་སེམས་ཀྱི་བདེ་ཐང་ལ་གོ་དགོས་ལ། ཕྱི་ནང་འདི་གཉིས་ནི་རྟེན་འབྲེལ་ལྟོས་གྲུབ་ཡིན་པ་དང་། ཧ་ཅང་གི་འབྲེལ་བ་ཟབ་མོ་ཞིག་ཡོད་པ་ཡང་། ཕྱི་སྣོད་འཇིག་རྟེན་ལ་ཆག་གྲུམ་ཤོར་ན་ནང་བཅུད་སེམས་ཅན་ལ་གནོད་འཚེ་ཡོད་པ་མཁྱེན་གསལ་ལྟར་ཡིན་ནའང་། ནང་བཅུད་སེམས་ཅན་ལ་གནོད་འཚེ་དང་། སྲོག་ཆགས་ཁ་ཤས་རྩ་མེད་སོང་ནའང་ཕྱི་སྣོད་འཇིག་རྟེན་ལ་མི་གནོད་བསམ་ན། དེ་ནི་མ་ཡིན་ཏེ། ཧ་ཅང་གི་གནོད་པ་ཡོད། ཕྱི་སྣོད་འཇིག་རྟེན་སྙོམས་སྒྲིག་བྱེད་པ་ལ། ནང་བཅུད་ཀྱི་སྲོག་ཆགས་ཕན་ཚུན་བར་གྱི་འགལ་འབྲེལ་ལ་རག་ལས་པ་ཞིག་ཡིན། དཔེར་ན་ཙི་གུ་དང་སྲིན་བུ་ཡོད་སར་སྦྲུལ་དང་། སྦལ་བ་ཡོད་པ་དང་། ཤྭ་བ་ཡོད་སར་སྤྱང་ཁུ་ཡོད་པ་ལྟ་བུ་སོགས་ཀྱིས་གོ་ཐུབ། དེ་ལྟར་ན་ཁོར་ཡུག་བདེ་ཐང་གིས་སྣོད་ཀྱི་བདེ་ཐང་དང་། ཚེ་སྲོག་བདེ་ཐང་གིས་བཅུད་ཀྱི་བདེ་ཐང་དེ་བསྟན་པ་ཡིན། གང་ལྟར་བྱ་དངོས་ཁག་གཅིག་ནི་བདེ་ཐང་གི་དམིགས་ཡུལ། བྱ་དངོས་ཁག་གཅིག་ནི་བདེ་ཐང་གི་འབྲས་བུ། བྱ་དངོས་ཁག་གཅིག་ནི་བདེ་ཐང་གི་རིན་ཐང་། བྱ་དངོས་ཁག་གཅིག་ནི་བདེ་ཐང་གི་ཆ་རྐྱེན་དུ་གྱུར་པ་སོགས་བདེ་ཐང་དང་འབྲེལ་བའི་ཆོས་ནི་ཆེས་ཤིན་ཏུ་མང་བས་ཞིབ་ཏུ་བསམ་ན་གོ་བར་འགྱུར་རོ།། 

  གསུམ་པ། བདེ་ཐང་དོན་གཉེར་དང་ལག་བསྟར་བྱ་ཚུལ་བཤད་པ། 

    སྤྱིར་བདེ་ཐང་རིག་གནས་དེ་བཤད་སྐབས་ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ལ། འགྲོ་བ་མིའི་སེམས་དང་བསམ་པ། ལུས་དང་ཚོར་བ། ཁམས་དང་དབང་པོ། འདོད་པ་དང་མོས་པ། མདོར་ན་འཇིག་རྟེན་ལྟ་ཚུལ། མི་ཚེའི་ལྟ་ཚུལ། རིན་ཐང་གི་ལྟ་ཚུལ་སོགས་སྣ་ཚོགས་ཤིག་ཡོད་པས། རིག་གནས་སྣ་ཚོགས་ཤིག་གྲུབ་པ་ཡིན་ལ། འགྲོ་བ་མིའི་དགོས་མཁོ་སྐོང་བའི་རིག་གནས་སྣ་མང་ལས། བདེ་ཐང་གི་རིག་གནས་གཅིག་པུ་ལ་བཤད་ནའང་ཆེས་གལ་ཆེན་ཞིག་རེད། བདེ་ཐང་རིག་གནས་ལ། དང་པོ། ལུས་ཤིན་སྦྱོང་དགོས་པ། ལུས་ཤིན་སྦྱོང་གི་སྐོར་ལ་གནའ་དེང་གི་རིག་གནས་ནང་དུ་རིག་པའི་རྣམ་གྲངས་ཧ་ཅང་མང་པོ་ཡོད། ཁྱད་པར་དེང་དུས་རྒྱལ་ཡོངས་སུ་ལུས་རྩལ་རིག་གནས་ལ་མཐོང་ཆེན་དགོས་པའི་རྒྱུ་མཚན་དང་། ལག་བསྟར་བྱས་དང་བྱ་རྒྱུ་ཡིན་པའི་སྐོར་གྱི་སྐད་ཆ་ཧ་ཅང་མང་པོ་གོ་རྒྱུ་ཡོད་ལ། ལུས་རྩལ་བཟང་ན་ལུས་སྟོབས་རྒྱས། ལུས་སྟོབས་རྒྱས་ན་དོན་ཆེན་འགྲུབ། ཅེས་པ་ལྟ་བུ་ཡིན་ནོ།། གཉིས་པ། སེམས་ཤིན་སྦྱོང་དགོས་ལ། དེ་ལ་བཤད་ན། དཔེར་ན། སེམས་ཁམས་རིག་པ། སློབ་གསོ་རིག་པ། བློ་སྦྱོང་། སེམས་ཀྱི་དབྱེ་ཞིབ་སོགས་སྲོལ་རྒྱུན་དང་དེང་རབས་ཀྱི་རིག་གནས་ཆེས་མང་པོ་ཡོད་པས་དེ་དག་ལ་འཇུག་ན་བཟང་། གསུམ་པ། བདེ་ཐང་རྒྱུན་ཤེས་རིག་གནས། ངས་བདེ་ཐང་རྒྱུན་ཤེས་རིག་གནས་འདི་བཤད་སྐབས། ཧ་ཅང་གལ་ཆེན་ནང་གི་དོན་ཆེན་ཞིག་མཐོང་གི་ཡོད། གཙང་སྦྲའི་རྒྱུན་ཤེས་ཡིན་ནའང་འདྲ། སྤྱིར་རྒྱུན་ཤེས་རིག་གནས་འདི་ཆེས་གལ་ཆེ་བས་ཀུན་གྱིས་མཐོང་ཆེན་གནང་དགོས། སྔོན་ཐོན་དང་རྗེས་ལུས་ཀྱི་རྣམ་གཞག་སོགས་རྒྱུན་ཤེས་མང་ཉུང་ལ་རག་ལས་ཡོད་ཞེས་བཤད་ན་ཐལ་མི་ཆེ་བ་ཞིག་ཡིན། ང་ཚོས་རིགས་གཞུང་མཐོན་པོ་ལ་ཡང་ལྟ་སྦྱོང་ཀློག་པ་སོགས་བྱེད་དགོས་པ་བཤད་ཅི་དགོས། འོན་ཀྱང་རྒྱུན་ཤེས་ལ་མཐོང་ཆུང་གཏན་ནས་བྱེད་མི་རུང་། ང་ཚོས་རྒྱུན་ཤེས་ལ་མཐོང་ཆེན་དང་། གནད་འགག་ཏུ་འཛིན་དགོས། རྒྱུན་ཤེས་སྣ་གཅིག་མ་ཤེས་ནས་ཚེ་སྲོག་ཤོར་བ་ཡང་ཡོད། རྒྱུན་ཤེས་སྣ་གཅིག་གིས་སྲོག་སྐྱོབ་པ་ཡང་ཡོད། ཁྱད་པར་དུ་འཚོ་སྡོད་ཀྱི་རྒྱུན་ཤེས་འདི་མི་དམངས་མང་ཚོགས་དང་ཆེས་འབྲེལ་བ་དམ་པོ་ཡོད་པའི་རིག་པའི་རྣམ་གྲངས་ཤིག་ཡིན། ང་ཚོས་རྒྱུན་ཤེས་རིག་གནས་འདི་ཆེས་རིན་ཐང་ཆེ་ཞིང་། རིམ་པ་མཐོ་སའི་རིག་གནས་ཀྱི་གར་སྟེགས་ཐོག་ཏུ་བཞག་དགོས་ལ། དོན་འདི་ལ་བསམ་ནས་རྒྱུན་ཤེས་གལ་ཆེན་ཡིན་པའི་དྲན་སློང་བྱེད་ཐུབ་པས་མང་པོ་མི་སྤྲོས། 

   བཞི་པ། གཙང་སྦྲ་འཕྲོད་བསྟེན། 

   གཙང་སྦྲ་འཕྲོད་བསྟེན་ནི་བདེ་ཐང་གི་རྩ་བ་ཡིན་ལ། ལེགས་ཚོགས་ཀྱི་སྣ་འདྲེན་ཞིག་ཏུ་བརྩིས་ནའང་ཆོག་ཆོག་པ་རེད། གཙང་སྦྲ་འཕྲོད་བསྟེན་གྱི་འགོ་ཚུགས་པ་ཙམ་གྱིས་ཡོན་ཏན་ཆེས་མང་ན། གཙང་སྦྲའི་བྱ་བ་དངོས་ལ་ཞུགས་པས་ཕན་པ་ཅི་ཙམ་འབྱུང་བ་ཟུར་བལྟས་ལེབ་མཐོང་ཡིན་པས་མ་སྤྲོས་སོ།། 

  ལྔ་པ། བཟའ་བཅའི་ལྟ་སྐུལ་དང་རྟོག་ཞིབ་ཀྱི་ལས་དོན།

    བྱ་བ་འདི་སྒྲུབ་པའི་འགན་ཁུར་པ་ཚོས་བཟའ་བཅའ་དང་ཚེ་སྲོག་གཉིས་ཐད་ཀར་འབྲེལ་བ་ཡོད་པ་བསམ་ནས། བྱ་བ་འདི་འཐུས་ཤོར་སོང་ན། ཚེ་སྲོག་ལ་འབྲེལ་བ་ཡོད་པས་གཟབ་དགོས་པ་ཡིན་ནོ།།

 དྲུག་པ། དུས་དང་སྤྱོད་ལམ། 

   དེ་ཡང་དུས་དང་སྤྱོད་ལམ་ཟེར་དུས། དུས་ཚོད་དེ་སྐབས་ཐོབ་སྐབས་ཐོབ་ཀྱི་གནད་འགག་ཆེ་བ་ཤེས་དགོས། དཔེར་ན། རིམས་ནད་ན་བའི་དུས་དེ་བསྟུན་གྱིས་གཟབ་དགོས་པ། དེ་བཞིན་དབྱར་དགུན་སྟོན་དཔྱིད་དུས་བཞིའི་འགྱུར་བ་ལ་བརྟེན་ནས། ནད་མེད་བདེ་ཐང་ཡོང་བའི་བླང་བྱ་དང་དོར་བྱ་ལ་འཇུག་དགོས་པ། སྤྱོད་ལམ་ལ་བཤད་ན། སྙིང་རླུང་དང་ཁྲག་ཤེད། རླུང་མཁྲིས་བད་ཀན་སོགས་ཡུལ་དུས་དང་བསྟུན་ནས་སྤྱོད་ལམ་ལ་དོ་སྣང་བྱེད་དགོས། རྟེན་འབྲེལ་གྱི་ཆོས་ཉིད་ལ་བསྟུན་དགོས་པ་ལས་བཙན་ཤེད་ཀྱིས་ཕན་མི་ཐོགས་པའི་ཚུལ་རྣམས་ལེགས་པར་ཤེས་པ་བྱས་ཏེ་འཇུག་དགོས། 

  བདུན་པ། བཟའ་བཏུང་འཕྲོད་བསྟེན།

  ད་ལྟའི་དུས་སུ་ཡང་ལྗང་མདོག་གི་ཁོར་ཡུག་དང་། རང་བྱུང་གི་ཆུ་གཙང་མ་ཡན་ལག་བརྒྱད་ལྡན་ལྟ་བུ་ཡོད་པ་དང་། དེ་དག་ལའང་མཐོང་ཆེན་དང་གཙིགས་སུ་འཛིན་པ་བཞིན་དུ་བདེ་ཐང་གི་ཟས་རིགས་ལའང་། རིན་ཐང་ཆེ་བ་དང་། ཆེས་དགའ་བའི་གནས་སུ་བཞག་དགོས་པ་ཞིག་རེད། འདི་འདྲའི་རིགས་ལ་ལོངས་སུ་སྤྱོད་པའི་སྐལ་བ་དང་ལྡན་པ་ནི། ཁ་ཟས་ལུས་སེམས་ལ་ཕན་པའི་སྨན་ངོ་མ་དེ་ཡིན་པ་རེད། བཤེས་སྤྲིངས་ལས་ཀྱང་། ཁ་ཟས་སྨན་དང་འདྲ་བ་རིགས་པ་ཡིས།། འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ།། རྒྱགས་ཕྱིར་མ་ལགས་སྙེམས་པའི་ཕྱིར་མ་ལགས།། འཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར།། གསུངས་པ་ལྟར་གོ་དགོས། དེ་བཞིན་བདེ་ཐང་གི་ཟས་རིགས་འདི་དག་གཙང་མ་གཙང་མའི་ས་ལ་བཞག་ཐུབ་ན། ལུས་སེམས་ལ་ཕན་པའི་སྨན་མཆོག་ལྟ་བུར་གྱུར་པ་ཡིན། བདེ་ཐང་གི་ཟ་མ་འདི་དག་གི་ཡོན་ཏན་ནི། གཅིག་ཟོས་ན་སེམས་པ་སྤྲོ་ཞིང་བློ་བདེ་བ། གཉིས་ལུས་སེམས་ལ་ཕན་པ། གསུམ་རྟེན་འབྲེལ་ལྟོས་གྲུབ་ཀྱི་བཀོད་པ་དང་ཆེས་མཐུན་པ། བཞི་མི་རབས་རྗེས་མ་དག་ལ་ཡང་ཤུགས་རྐྱེན་བཟང་བ། ལྔ་བདེ་ཐང་བཟའ་བཏུང་གི་སློབ་གསོ་ལ་མཐོང་ཆེན་ཡོང་ཐུབ་པ་ཡིན། དེ་བཞིན་བཟོད་པ་དང་། བག་ཡོད། ཤེས་བཞིན། སྤྱོད་བཟང་སོགས་མང་པོ་བཤད་རྒྱུ་ཡོད་ཀྱང་རེ་ཞིག་དེ་ཙམ་བྱའོ།། 

    མདོར་ན་ཟ་མ་དང་ལུས་སེམས་ཐད་ཀར་འབྲེལ་བ་ཡོད་ལ། ལུས་སེམས་ཚེ་སྲོག་དང་འབྲེལ་བ་ཡོད་པ་ཡང་ཀུན་གྱིས་ཤེས་གསལ་ལྟར་རེད། ཐ་ན་བཟའ་བཏུང་ལེགས་པར་ཤེས་ན། ཤེས་རབ་ཀྱང་འཕེལ་བའི་སྐད་ཆ་ཡོད་ན། གཞན་དག་བཤད་མི་དགོས་པ་ཞིག་གོ།། དགེའོ།། །།

  • ལེ་ཚན་སྔོན་མ།:ལུས་སྦྱོང་རྣམ་གྲངས་འདི་དག་ཕྲུ་གུར་འཚམ་པོ་མི་འདུག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།