གནས་ཆེན་མངོན་རིག་སེང་གེ་གཡུ་རྫོང་ལ་ཅུང་ཙམ་དཔྱད་པ།

ཚེ་དབང་རྣམ་རྒྱལ།        2021-09-30

   

གནས་ཆེན་མངོན་རིག་སེང་གེ་གཡུ་རྫོང་ལ་ཅུང་ཙམ་དཔྱད་པ།

   ཁམས་དཀར་མཛེས་ཁུལ་ལི་ཐང་རྫོང་གེ་མོ་སྡེ་ཁག་གི་ཁོངས་གཏོགས། ལི་ཐང་རྫོང་གི་ལྷོ་ནུབ་མཚམས་སུ་རྫོང་གྲོང་དང་བར་ཐག་སྤྱི་ལེ༡༣༠ཙམ་ཡོད་པ། ས་བསོད་ནམས་ཀྱི་ཆར་པ་འབབ་སར་མངོན་རིག་སེང་གེ་གཡུ་རྫོང་ཞེས་པ་སྙན་གྲགས་ཀྱི་བ་དན་དགུང་དང་མཉམ་པའི་གནས་ཆེན་ཞིག་མཆིས་ཤིང་། གནས་འདི་ཉིད་གཙོ་བོར་དཀྱིལ་གྱི་གནས་ཆེན་གཙོ་བོ་དང་ཤར་གྱི་གེ་སར་གནས། ལྷོ་ཡི་གནས་ཆུང་ཆེ་མཆོག་དཔལ་དགུའི་གནས་བཅས་གནས་གསུམ་ལས་གྲུབ་པ་ཡིན། དཀྱིལ་གྱི་གནས་ཆེན་དེའི་བྱང་ཕྱོགས་སུ་སྟོད་རྫ་སྐེད་བྱེ་མ་འདབས་སྤང་དང་ནགས་ཚལ་ཡིན་པའི་རི་རྩེ་མདུང་ལྟར་རྣོ་བར་ཀྲོང་ངེ་ལངས་པའི་ཕྱིའི་སྒོ་སྲུང་རོལ་པ་སྐྱ་བཞི་ཡོད་པ་དང་ལྷོ་ཕྱོགས་སུ་བྲག་རི་སྔོ་ནག་གི་མདོག་ཅན་འདབས་སུ་སྤང་དང་ཤུག་པ། ཨ་ག་རུ། འོམ་བུ་སོགས་རྩི་ཤིང་སྣ་ཚོགས་ལས་གྲུབ་པའི་རི་ཆུང་མང་པོས་བསྐོར་བ་ཕོ་བྲང་གི་སྒོ་སྲུང་གསེར་སྒ་རྒྱལ་མཚན་དུ་གྲགས་པ་ཡོད་པ་དང་། དཀྱིལ་གནས་ཀྱི་ལྷོ་ནུབ་མཚམས་སུ་གེ་སར་གྱི་སྒྲུབ་ཕུག་དང་གྲུབ་ཆུ་ཡོད་ཅིང་། དེའི་འདབས་སུ་ད་དུང་སྲུ་འབྲུག་མོའི་ཐགས་ར་བཅས་མངོན་གསལ་མཇལ་རྒྱུ་ཡོད། གེ་སར་གྱི་གྲུབ་ཆུ་དེ་གལ་སྲིད་ནད་པས་ཁམ་གང་ཙམ་བཏུངས་ན་དེ་མ་ཐག་ཏུ་ལུས་ནད་ཐམས་ཅད་ཞི་ཞེས་ཟེར་སྲོལ་ཡོད།

    དེ་ཡང་མངོན་རིག་སེང་གེ་གཡུ་རྫོང་ཞེས་པ་ནི་མངོན་རིག་ཏེ་མངོན་སུམ་དུ་མཐོང་བའམ་རིག་རྒྱུ་ཡོད་པ་དང་སེང་གེ་སྟེ་དཀྱིལ་གནས་ཀྱི་གནས་བདག་ཞིང་སྐྱོང་ཆེན་པོ་ཀུན་དགའ་གཞོན་ནུ་རྩལ་ཞེས་པ་སེང་གེའི་གདོང་ཅན་ཡིན་པ་དང་གཡུ་རྫོང་སྟེ་གནས་དེ་ཚོའི་ཆགས་ས་གཡུའི་རང་བཞིན་ཅན་གྱི་ལུང་པ་གཡུ་རྫོང་ཡིན་པས་མཚན་དེ་ནས་ཐོགས། དེང་སང་ཡང་གནས་དེ་ཚོ་ཆགས་སའི་ལུང་རྒྱུད་ལ་གཡུ་ལུང་ཞེས་པ་དང་དེར་གཡུ་རྡོ་ཡང་མང་པོ་མཐོང་རྒྱུ་ཡོད།

    དཀྱིལ་གྱི་གནས་ཆེན་གྱི་གནས་བདག་ཞིང་སྐྱོང་ཆེན་པོ་ཀུན་དགའ་གཞོན་ནུ་རྩལ་ནི་སྐུ་མདོག་མཐིང་ནག་སེང་གེའི་གདོང་ཅན་དང་། ཕྱག་གཡས་པས་རུ་མཚོན་འཕྱར་བ་དང་གཡོན་པས་བནྡྷ་བསྣམས་ཤིང་ཆིབས་རྟ་ནག་པོ་ཅན་ཞིག་གཞོན་ཡོད། དེའི་བྱང་ཕྱོགས་སུ་ཡོད་པའི་ཕྱིའི་སྒོ་སྲུང་རོལ་པ་སྐྱ་བཞིའི་སྐུ་མདོག་དཀར་སེར་དམར་སྔོ་ཡིན་ཞིང་། ཞི་བའི་མདོག་ཅན་གྱིས་མདུང་དར་དཀར་པོ་དང་རྒྱས་པའི་མདོག་ཅན་གྱིས་ཡིད་བཞིན་ནོར་བུ། དབང་གི་མདོག་ཅན་གྱིས་འགུགས་བྱེད་ཞགས་པ། དྲག་པོའི་མདོག་ཅན་གྱིས་ཁྲོ་གཏུམ་གྲི་མདུང་བཅས་བསྣམས་པ་དང་གོ་ཁྲབ་སྟག་རལ་གཟིག་ཤུབས་སོགས་བྱས་ནས་རང་རང་གི་མདོག་དང་མཚུངས་པའི་རྟ་མཆོག་སྟེང་དུ་འཇིགས་རུང་གི་རྣམ་པ་སྟོན་བཞིན་མཆིས། ཕོ་བྲང་གི་སྒོ་སྲུང་གསེར་སྒ་རྒྱལ་མཚན་ནི་རིན་ཆེན་དུ་མས་སྤྲས་པའི་ཁྲི་བཟང་སྟེང་དུ་བཞུགས་པ། སྐུ་མདོག་དཀར་ལ་ཞི་མ་ཁྲོ་འཛུམ་ཅན། ལུས་ལ་ཤེལ་ཁྲབ་དང་དབུ་ལ་གསེར་རྨོག་མཁའ་ལྡིང་ལྡེམ་འཕྲུ་ཅན་གསོལ་བ། ཕྱག་གཡས་པས་གསེར་གྱི་རྡོ་རྗེ་ནམ་མཁར་འཕྱར་བ་དང་གཡོན་པས་སྡིག་མཛུབ་ཀྱི་རྩེ་ལ་སྟག་གཟིག་སྤྲུལ་མཁན་ཞིག་ཡིན། གནས་བདག་འདི་རྣམས་ཀྱི་གཟུགས་རིས་དེང་སང་གེ་དགོན་འཕྲིན་ལས་བསྟན་འཕེལ་གླིང་གི་སྒོ་འགྲམ་དུ་མཇལ་རྒྱུ་ཡོད།

      གནས་ཆེན་འདིའི་ལོ་རྒྱུས་དང་ཕན་ཡོན་སྐོར་ཅུང་ཙམ་གླེང་ན། འཕགས་པའི་ཡུལ་ནས་བྱོན་པའི་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཀྱང་རྡོ་རྗེ་གདན་གྱི་བྱང་ཕྱོགས་ཁ་བའི་ལྗོངས་ན་མདོ་ཁམས་ཀྱི་གནས་ཆེན་སེང་གེ་གཡུ་རྫོང་ཞེས་པ་ཤར་ཕྱོགས་སྤང་རི་གནས་མཆོག་ཀརྨ་རུས་པའི་ཤར་སྨད་ན་ཡོད་ཅེས་གསུངས་པ་དང་རིག་འཛིན་ཀློང་གསལ་སྙིང་པོའི་གསུང་ལས་འཕགས་ཡུལ་ནས་བྱོན་པའི་ཞིང་སྐྱོང་གནས་ལས་ཀྱང་ཁྱད་པར་མངོན་རིག་གནས་འདི་བྱིན་རླབས་ཆེ་བ་དང་། ཀློང་ཆེན་དཔའ་སེང་གི་སྤྲུལ་པ་བདུད་འདུལ་ཧཱུ་ནག་མེ་འབར་གྱིས་ཀྱང་མདོ་ཁམས་སྒྲུབ་གནས་ཀུན་གྱི་མཆོག་གྱུར་པ།།ཤར་ཕྱོགས་གནས་མཆོག་ཀརྨ་རུས་པའི་སྨད།།ཨོ་རྒྱན་སྦས་གནས་སེང་གེ་གཡུ་རྫོང་ཞེས།།སྔོན་བྱོན་རྒྱལ་བ་རྣམས་ཀྱིས་བྱིན་གྱིས་བརླབས།།ཞེས་བསྟོད་བསྔགས་མཛད་པ་དང་རྒྱ་བོད་གྲུབ་ཆེན་མང་པོས་གནས་འདིར་སྒོམ་སྒྲུབ་མཛད་མྱོང་ཞིང་། གྲུབ་པའི་རྟགས་མཚན་སོ་སོ་མངོན་དུ་གྱུར་པ་སོགས་ལོ་རྒྱུས་གྲངས་ལས་འདས་སོ། གཞན་ཡང་གཏམ་རྒྱུད་དུ་སྔོན་གེ་དགོན་གྱི་ཕྱག་འདེབས་པ་པོ་བླ་ཆེན་རིག་འཛིན་འགག་མེད་རྡོ་རྗེས་བྱི་ལ་ཞིག་གི་སྐེ་ལ་སྟོང་སྐུད་དམར་པོ་བཏགས་ཏེ་གནས་རྐེད་ཀྱི་བྲག་ཁུང་ནང་བཏང་ནས་གནས་འདི་དང་བར་ཐག་ལེ་དབར་བརྒྱ་དང་དྲུག་ཅུ་ཙམ་ཡོད་པའི་བྲག་དཀར་གནས་མགོར་བུད་ཡོང་བའི་བཤད་སྲོལ་མཆིས་པ་དང་། དོན་ལ་མི་འཛུལ་སྐབས་ཆུ་ཚོད་བཞི་ཙམ་གྱི་ལམ་ཡོད་པར་གོར་མ་ཆག། སྔོན་རི་འགོག་དམག་འཁྲུག་གི་སྐབས་སུ་གནས་འདིའི་ཐོག་ཏུ་གནམ་གྲུ་ནས་འཕུར་མདའ་མང་པོ་འཕངས་ཀྱང་མ་འཐོར། དེང་སང་ཡང་གནས་འདབས་ཀྱི་ཆུ་ཁར་འཕུར་མདའ་གསོན་པོ་ཞིག་མཐོང་རྒྱུ་ཡོད། གནས་འདིར་ད་དུང་བོད་ཡུལ་ལ་ཤིན་ཏུ་དཀོན་པའི་ལྷ་བྱ་གོང་མོ་དང་ཨ་ག་རུའི་ཤིང་སོགས་ཡོད་པ་དང་དགོ་བ་དང་རྣ་བ། ཤྭ་བ་རྣམས་བརྒྱ་ཁྱུ་འདུས་ནས་གནས་འདིའི་ཐོག་ཏུ་རྩེད་མཆོང་བྱེད་བཞིན་ཡོད་པ་མིག་གིས་མངོན་སུམ་དུ་མཐོང་ཐུབ། དེ་མིན་གྱི་གཅན་གཟན་དང་རི་དྭགས། བྱ་རིགས། རྩི་ཤིང་རིགས་ཡོད་པ་ནི་བརྗོད་ཀྱིས་མི་ལང་ངོ་། མདོར་ན་གནས་འདི་ཉིད་མཐོང་ཐོས་དྲན་རེག་གྲོལ་བའི་བྱིན་རླབས་ཅན་ཡིན་པས་དེ་ལ་ཕྱག་མཆོད་སོགས་དགེ་བ་གང་བྱས་ཀྱང་དུང་ཕྱུར་འགྱུར་བ་དང་གནས་འདིའི་རྩེ་བར་མཐའ་གསུམ་ལ་བསྐོར་བ་གང་བྱས་ཀྱང་མ་ཎི་དུང་ཕྱུར་གྱི་ཕན་ཡོན་ཡོད། འདིར་ཐུན་གཅིག་གཅོད་ཐུབ་ན་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་པ་དང་ནད་ཐམས་ཅད་ཞི་ཞེས་གནས་འདིའི་གནས་ཡིག་ཏུ་བཀོད་ཡོད་ལ་ཕོ་ནད་དང་མཁྲིས་ནད་ཅན་གྱིས་གནས་འདིར་བརྐྱང་ཕྱག་གིས་མཐའ་སྐོར་རེ་བྱེད་ཐུབ་ན་དེ་མ་ཐག་ཏུ་ནད་ཐམས་ཅད་ཞི་བ་ཀུན་གྱིས་ཁས་ལེན་པ་དང་སྟོད་ཕྱོགས་ཀྱི་མི་རྣམས་ཀྱིས་ཀྱང་ལྷ་ས་མཇལ་བ་དང་ཁམས་ཀྱི་མངོན་རིག་སེང་གེ་གཡུ་རྫོང་མཇལ་བ་གཉིས་ལ་ཁྱད་མེད་ཅེས་བསྟོད་པའི་ཕྲེང་བ་རབ་ཏུ་བགྲང་ངོ་།།

     གནས་འདིའི་གཙོ་བོ་སྤྱན་རས་གཟིགས་དང་རྡོ་རྗེ་གྲོ་ལོད་གཉིས་ཡིན་ཞིང་། ནང་གསེས་སུ་དབུས་ཕྱོགས་རྟེན་འབྲེལ་རྫོང་དང་ཞིང་སྐྱོང་ཀུན་དགའ་གཞོན་ནུ་བྲག་ལ་ཨོ་རྒྱན་ཆེན་པོ་དང་བྷོ་དྷི་ས་ཏྭ། ཁྲི་སྲོང་ལྡེ་བཙན། རྨ་ཐོག་རིན་ཆེན། རྒྱལ་བ་བྱང་ཆུབ། དཔལ་གྱི་ཡེ་ཤེས་སོགས་ཀྱི་ཞབས་རྗེས་དང་མི་ལ་རས་པའི་སྐུ་རྗེས་དང་ཞིང་སྐྱོང་གཏེར་སྒོ་བཅས་ཡོད། གསང་བ་བྲག་གི་ཐེམ་ནང་ཨོ་རྒྱན་སྐུ་རྟེན་མདའ་གང་། གསུང་རྟེན་ཐུགས་སྒྲུབ་སྐོར། ཤོག་སེར་རུ་ཏྲའི་སྙིང་ལྤགས་ལ་ཡི་གེ་བྲིས་པ། ཐུགས་རྟེན་རྡོ་རྗེ། ཡོན་ཏན་གྱི་རྟེན་གཏེར་རྫས། ཨ་མ་རིལ་བུ་འཕྲིན་ལས་ཀྱི་རྟེན་བླ་རྡོ་ཕག་མགོ་བཅས་ཡོད། ཡུམ་ཆེན་སི་ན་ར་མའི་གནས་ལ་ཞིང་སྐྱོང་དཔལ་གཏེར་རྫས་ཁ་ཊཱཾ་གྱི་རྗེས་དང་དྲན་པ་ནམ་མཁའ་དང་བདུད་འདུལ་རྡོ་རྗེའི་ཞབས་རྗེས། བམ་རོ་ཕོ་མོ་བཅས་ཡོད། ཟངས་མདོག་དཔལ་རི་ཨོ་རྒྱན་མཁའ་འགྲོ་རྫོང་ལ་ཨོ་རྒྱན་སྒྲུབ་ཕུག་ཞབས་རྗེས་དང་མཚོ་རྒྱལ། མནྡ་ར་བའི་ཞབས་རྗེས། ཚེ་བུམ་གྱི་ཞབས་རྗེས། ཁྲི་སྲོང་ལྡེ་བཙན་གྱི་ཞབས་རྗེས། མཁའ་སྤྱོད་མ་བྷ་ཀའི་ཞབས་རྗེས། གཏེར་སྒོ་གྲུ་བཞི་རྡོ་རྗེ་བཅས་ཡོད། བློ་འཕེལ་རྫོང་མཁའ་སྤྱོད་མའི་གནས་བྷོ་རྡུ་སིན་ངྷུའི་ཕོ་བྲང་གི་སྒོ་ན་སྔགས་སྲུང་མའི་སྐུ་རང་བྱོན་དང་ཡི་གེ་ཏི་རང་བྱོན། ཕྱག་རྡོར་སྐུ། རྟ་མགྲིན་གྱི་སྐུ་རང་བྱོན་བཅས་ཡོད། ཚེ་དཔག་མེད་ཀྱི་སྒྲུབ་ཕུག་ན་ཚེ་ཆུ་ཚེ་བུམ་བཅས་ཡོད། རྡོར་སེམས་ཀྱི་སྒྲུབ་ཕུག་ན་རྡོར་སེམས་སྐུ་རང་བྱོན་ཁྲུས་ཆུ་བཅས་ཡོད། གྲོ་ལོད་ཀྱི་སྒྲུབ་ཕུག་ན་ཤཱཀྱ་ཐུབ་པ་དང་གྲོ་ལོད་ཀྱི་སྐུ་རྗེས། ཤུད་བུ་དཔལ་སེང་གི་ཞབས་རྗེས་བཅས་ཡོད། སྒྲོལ་མའི་སྒྲུབ་ཕུག་ན་སྒྲོལ་མའི་སྐུ་རང་བྱོན་ཡོད། རྒྱལ་བ་རིགས་ལྔའི་སྒྲུབ་ཕུག་ན་རིགས་ལྔའི་སྐུ་རང་བྱོན་ཡོད། རིགས་གསུམ་མགོན་པོའི་སྒྲུབ་ཕུག་ན་རིགས་གསུམ་གྱི་སྐུ་རང་བྱོན་ཞབས་རྗེས་བཅས་ཡོད། ཨོ་རྒྱན་གནས་མཆོག་བྲག་དམར་མགྲིན་བཟང་གླིང་གི་སྒྲུབ་ཕུག་ན་ཨོ་རྒྱན་ཆེན་པོའི་དབུ་ཞྭའི་རྗེས་སིདྡྷི་འབྲུ་བཅུ་གཉིས་རང་བྱོན་ཡོད།  སྤྱན་རས་གཟིགས་ཀྱི་སྒྲུབ་ཕུག་ན་སྤྱན་རས་གཟིགས་སྐུ་རང་བྱོན་ཤེལ་ལས་གྲུབ་པ་ཕྱི་ནང་ཟང་ཐལ་གསལ་བ་ངོ་མཚར་ཆེ་བ་ཡོད། ཞིང་སྐྱོང་ཡབ་ཡུམ་གནས་ལ་སངས་རྒྱས་མར་མེ་མཛད་དང་འོད་སྲུང་གཉིས་ཀྱི་ཞབས་རྗེས་དང་མཁའ་འགྲོའི་བྲོ་ར་ཡོད། མགོན་པོ་ཚོགས་བདག་གནས་ན་བི་དབྱུག་ཐོད་ཁྲག་གཡུ་སྒྲ་སྙིང་པོ་དང་བྷོ་ཏྲི་ཆོས་གྲགས། ཀུ་ཀུ་རི་པ་དྭགས་པོ་ཟླ་འོད་གཞོན་ནུ་བཅས་ཀྱི་ཞབས་རྗེས་དང་ཚོགས་བདག་གཏེར་སྒོ་གཡུང་དྲུང་འཁྱིལ་བ་རང་བྱོན་ཡོད། ཚེ་དཔག་མེད་ཀྱི་གནས་ལ་གྲུབ་ཆེན་ཀ་ན་ཀུ་མ་དང་ལི་ཧི་ལ་གཉིས་ཀྱི་ཞབས་རྗེས་ཡོད། རྩུབ་འགྱུར་རྫོང་རྡོ་རྗེ་གཞོན་ནུའི་གནས་ན་ཕུར་པའི་གཏེར་སྒོ་གྲུ་བཞི་དང་གྲུབ་ཆེན་ས་ར་ཧ་དང་ཤ་བ་རི་པ། ལོ་པཎ་དང་རྒྱལ་དབང་ལྔ་པ་སོགས་ཀྱི་ཞབས་རྗེས་སིདྡྷི་རང་བྱོན་བཅས་ཁྱད་འཕགས་ཡོད། གུ་དྲག་ཡེ་ཤེས་རབ་འབར་གྱི་གནས་ལ་ཀློང་གསལ་སྙིང་པོ་དང་རཏྣ་གླིང་པ། མཆོག་གྱུར་གླིང་པ། སྲོང་བཙན་སྒམ་པོ་བཅས་ཀྱི་ཞབས་རྗེས་ཡོད། ལྷ་མོ་རང་བྱུང་རྒྱལ་མའི་གནས་ལ་ཆིབས་བོང་རྗེས་ཡོད། འཇམ་དབྱངས་ཀྱི་གནས་ན་རལ་གྲིའི་རྗེས་ཡོད། རྡོ་རྗེ་ཕག་མོའི་གནས་ན་ཕག་མོའི་སྐུ་རྗེས་ཡོད། མི་འཁྲུགས་པའི་གནས་ན་མི་འཁྲུགས་པའི་ཞབས་རྗེས་དང་ཕག་མོའི་གྲི་གུག་གི་རྗེས། ཀོང་སྨྱོན་པའི་ཞབས་རྗེས་བཅས་ཡོད། དུས་འཁོར་གནས་ན་ཨོ་རྒྱན་མཚོ་རྒྱལ་དང་མནྡ་ར་བའི་ཞབས་རྗེས་དང་གསང་འདུས་གཏེར་སྒོ་གྲུ་གསུམ་ཡོད། བདེ་མཆོག་གནས་ན་སོག་པོ་དཔལ་སེང་དང་གཏེར་བདག་གླིང་པའི་ཞབས་རྗེས་ཡོད། སངས་རྒྱས་རབས་བདུན་གྱི་གནས་ལ་མཆོག་གཉིས་ཀྱི་འཁར་གསིལ་ཤཱཀྱ་ཐུབ་པའི་ལྷུང་བཟེད་ཀྱི་རྗེས་ཡོད། གདུགས་དཀར་གནས་ན་ལན་ཚ་དྷཱི་རང་བྱོན་དང་གཏེར་སྒོ་གྲུ་བཞི་ཡོད། འཇིགས་བྱེད་གནས་ལ་ར་ལོ་ཙཱ་བ་ཆོས་གྲགས་དང་ར་ལོ་པའི་ཞབས་རྗེས་ཡོད། ཕྱག་རྡོར་གནས་ལ་ཕྱག་རྡོར་ཞབས་རྗེས་ཡོད། འབྱུང་འདུལ་གནས་ལ་ཞབས་རྗེས་གཉིས་ཡོད། ལབ་སྒྲོན་གྱི་གནས་ལ་ཌ་རུ་རྐང་གླིང་གི་རྗེས་དང་ཕ་དམ་པའི་ཞབས་རྗེས་ཡོད། ཚེ་བདག་གི་གནས་ལ་གནུབས་སངས་རྒྱས་ཡེ་ཤེས་ཀྱི་ཞབས་རྗེས་དང་ཚེ་བདག་གཏེར་སྒོ་གྲུ་བཞི་ཡོད། ཚེ་རིང་མཆེད་ལྔའི་གནས་ན་གྲུབ་ཆེན་ལོ་ཧི་པ་དང་ནཱ་རོ་པ། མར་པ། མི་ལ་བཅས་ཀྱི་ཞབས་རྗེས་ཡོད། དམ་ཅན་གནས་ན་བི་མ་མི་ཏྲ་གསང་སྔགས་གླིང་པ་གཉིས་ཀྱི་ཞབས་རྗེས་དང་ར་རྗེས་ཡོད། རྒྱལ་པོ་སྐུ་ལྔའི་གནས་ན་བེེ་རོ་ཙཱ་ན་དང་ཉཱ་ན་ཀུ་མ་ར་ནི་དཔལ་ལྡན་བཟང་པོ་བཅས་ཀྱི་ཞབས་རྗེས་ཡོད། འཛམ་གླིང་སེང་ཆེན་གྱི་གནས་ན་གེ་སར་དང་རྒྱ་ཚ། ཁྲོ་ཐུང་། ཨོ་རྒྱན་ཆེན་པོ། ཀླུ་སྒྲུབ། གསེར་སྒ་ཉི་མ་རང་ཤར། རྐྱང་རྒོད་འཕུར་ཤེས་བཅས་ཀྱི་རྗེས་ཡོད། ད་དུང་གནས་རི་འདི་ལ་སྒྲོལ་མ་ཉེར་གཅིག་གི་གནས་སོ་སོ་དང་ཉེ་སྲས་བརྒྱད་ཀྱི་གནས་སོ་སོ། རྣམ་སྲས་འཛམ་ལྷ་རིགས་ལྔའི་གནས་སོ་སོ། ཆེ་མཆོག་དཔལ་དགུའི་གནས་སོ་སོ་བཅས་ཡོད། འདི་དག་ཡོད་ཚུལ་ནི་གནས་ཆེན་འདི་ཡི་གནས་ཡིག་བྲིས་ཡོད་ལ་དེང་སང་ཡང་མིག་གིས་མངོན་སུམ་དུ་མཇལ་རྒྱུ་ཡོད།།


  • ལེ་ཚན་སྔོན་མ།:གེ་སར་སྒྲུང་ཞྭའི་འགྲེལ་ཀློག་ཟིན་ཐོ།
  • ལེ་ཚན་རྗེས་མ།:གེ་སྨད་ཀྱི་མི་རྒྱུད་མཆེད་ཚུལ་དང་དེ་ཉིད་གེ་སར་གྱི་གདུང་རྒྱུད་ཡིན་ཚུལ་གྱི་སྐོར་རགས་ཙམ་གླེང་བ།
  • དོ་སྣང་ཆེ་བའི་རྩོམ།