རྩོམ་སྒྲིག་པ། 2021-09-30
བླ་མ་ཡི་དམ་མཁའ་འགྲོ་སྲུངས(སྲུང)མའི་ཚོགས།།
ཉམ་ཐག་འགྲོ་བའི་སྡུག་བསྔལ་སེལ་བ་དང་།།
ལྷག་པར་གངས་ཅན་འགྲོ་འདིའི་སྐྱེ་བོ་ཀུན།།
བརྩེ་བས་གཟིགས་ལ་ལོ་རྒྱུས་འདི་ན་གླེང་།།
ཁམས་ཀྱི་གཡོན་རུའི་འབུམ་ནག་མཆོད་རྟེན་འདི།།
བོད་ཀྱི་ཆོས་རྒྱལ་གོང་མའི་སྐུ་དུས་སུ།།
རྒྱ་བཟས་བཞེངས་སམ་སློབ་དཔོན་པད་འབྱུང་ཡིས(གིས)།།
རྫུ་འཕྲུལ་སྟོབས་ཀྱིས་དམ་སྲི་མནན་ཞེས་གྲགས།།
དུས་འགྱུར་དབང་གིས་ཉམས་རྒུད་ཆེར་སོང་ཡང་།།
གླིང་སྤྲུལ་ལ་སོགས་སྐྱེས་ཆེན་དུ་མ་ཡིས།།
ཐུགས་ཁུར་ཆེས(ཆེར)བཞེས་གཡོན་རུ་ཐུན་མོང་ནས།།
རྒྱུ་ཡོན་སྦྱར་ཏེ་ཉམས་གསོ་ཐེངས་འགའ་བྱས།།
སྤྱི་ལོ་ཉིས་སྟོང་བརྒྱ་མེད་བཅུ་བཞིའི་ལོར།།
མཆོག་སྤྲུལ་བྲག་མདཀར་རྒྱལ་རྣམ་གཉིས་ཀྱིས།།
དབུ་བཞུགས་མཛད་དེ་གཡོན་རུ་ཐུན་མོང་ཀྱིས(གིས)།།
སྦྱིན་བདག་ཞུས་ཏེ་ཉམས་གསོ་རྒྱ་ཆེར་བསྒྲུབས།།
མཆོད་རྟེན་རྨང་ནས་ཏོག་གི་རྩེ་མོའི་བར།།
སྨིས(སྨི)བརྒྱ་སོ་བདུན་རིང་ཐུང་ཚད་དུ་ངེས།།
རྒྱ་ནས་རྒྱ་བར་སྨིས(སྨི)བརྒྱ་བཞི་དང་ངེས།།
མཐོ་དམན་རྒྱ་ཚད་འཕྲུལ་མེད་ངེས་བཟུང་ཡིན།།
ཕྱི་ཡི་མཆོད་རྟེན་འདི་ཡི་ནང་སྙིང་དུ།།
མཆོད་རྟེན་རྙིང་བ(པ)གཟུངས་ཀྱི་ཚུལ་དུ་བཞུགས།།
བཀའ་བསྟན་གླེགས་བམ་སྐུ་རྟེན་གཟུངས་ཆེན་སོགས།།
རྣམ་མང་མཁོ་དགུའི་ཡོ་བྱད་བགྲངས་ལས་འདས།།
མཆོད་རྟེན་འདིའི་འོག་བྲག་རི་ཡ་མཚན་ཞིག།
རྩེ་མོ་རྡོ་རྗེའི་རྒྱ་གྲམ་འདྲ་བ་ལ།།
ཤར་དཀར་ལྷོ་སེར་ནུབ་དམར་བྱང་ནི་ལྗང་།།
མདུན་དུ་ཆུ་མིག་ཀླུ་ཡི་བང་མཛོད་འདྲ།།
དགེ་འདིས་མཚོན་ནས་དུས་གསུམ་དང་འབྲེལ་བའི།།
རྣམ་དཀར་ལེགས་ཚོགས་གཅིག་ཏུ་སྤུངས་པའི་མཐུས།།
འབྲེལ་ཐོག་གཙོ་བྱས་མཁའ་མཉམ་འགྲོ་བ་ཀུན།།
མྱུར་དུ་བྱང་ཆེན་ས་ལ་འགོད་པར་ཤོག།
བསྟན་པའི་དཔལ་གྱུར་བླ་བའི་ཞབས་པད་བརྟན།།
བསྟན་འཛིན་སྐྱེས་བུའི་ས་སྟེང་ཡོངས་ལ་ཁྱབ།།
བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས།།
བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག།
མཆོད་རྟེན་འདིའི་ཐིག་རྩ་དང་བཟོ་བཀོད་སོགས་འགན་ཁུར་བ་ལས་མི་རྣམས་ཀྱི་མཚན་བྱང་གཤམ་གསལ།
༡ དཔོན་རྙིང་ཤོག་ཆེ་བོ་དགེ་བཤེས་བློ་བཟང་ཡར་རྒྱས། ༢ འདྲ་རྒྱས་ཤོག་ནོག་དབོས་དགེན་དམ་ཆོས། ༣ ས་སྐོར་ཤོག་སྐྱབས་ཤུས་གྲྭ་འཕྲིན་ལས་བསོད་ནམས། ༤ མཁའ་འགྲོ་ཤོག་ཁ་རྒྱ་གྲྭ་ཆེ་རྡོ། ༥ སྐལ་བཀྲ་ཤོག་བདག་སྐེ་གྲྭ་ཨ་ཚེ། ༦སྐལ་བཀྲ་ཤོག་སྒོ་སྤེའི་ཨ་སྟིས། ༧ ལ་རྩ་ཤོག་འཕྲིན་ལས་ཚེ་འཕེལ། ༨ གླིང་རྐང་ཤོག་གཟིག་སྐྱ་རིས། ༩ ཚེ་མགོན་ཤོག་ཆེ་བོ་བསོད་ནམས་ཚེ་བརྟན།སྤྱི་ལོ2014ལོར་ཟླ་ཚེས་བཟང་པོར་གཡོན་རུ་ཐུན་མོང་ནས།། །། དགེའོ།།
མཆན། གོང་གི་ཚིགས་བཅད་ལོ་རྒྱུས་ཐུང་ངུ་འདི་ནི་འབུམ་ནག་མཆོད་རྟེན་གྱི་མདུན་ཐང་གི་རྡོ་རིང་ངོས་ཀྱི་ནང་དོན་ལས་མངོན་གསལ་གྱི་ཡིག་ནོར་འགའ་ཟུར་མཆན་བཀོད་ནས་ངོས་བཤུས་བྱས་པ་ལགས་སོ།།
རྩོམ་གསར། 10