སྐུ་འབུམ་གྱི་སེང་གེ་རི་ཁྲོད་ཀྱི་ལོ་རྒྱུས་མདོར་བསྡུས།

སྐུ་འབུམ་སངས་རྒྱས་རྒྱ་མཚོ།        2019-06-11

     ཙོང་ཁའི་སྐྱེས་རིའི་ཉིན་སྲིབ་ཏུ་ཡོད་པའི་རི་ཁྲོད་འགའ་ཞིག་གི་ལོ་རྒྱུས་མཛུབ་མོ་རི་སྟོན་སེང་གེ་རི་ཁྲོད་ཀྱི་ལོ་རྒྱུས་མདོར་བསྡུས།

     དབེན་གནས་སེང་གེ་རི་ཁྲོད་དམ་སེང་གེ་མཁར་གྱི་སྒྲུབ་སྡེ་དགེ་འཕེལ་ཆོས་འཁོར་གླིང་ཞེས་གྲགས་པ་འདི་ནི་མདོ་སྨད་ཙོང་ཁའི་ཡུལ་གྲུ་སྐུ་འབུམ་བྱམས་པ་གླིང་དང་ཐག་མི་རིང་བའི་ནུབ་ཕྱོགས་ཁང་ཆེན་ཞེས་འབོད་པའི་སར་ཡོད། སྔོན་ཆད་ཆེན་པོ་ཧོར་གྱི་དུས་སུ་དཔོན་པོ་སེང་གེ་ཞེས་བྱ་བ་ཞིག་གིས་ད་ལྟའི་རི་གདོང་གི་མཁར་རྙིང་བ་འདི་བདག་ཏུ་བཟུང་ནས་ཡུན་རིང་བོར་བསྡད་པའི་རྒྱུ་མཚན་གྱིས་གནས་འདི་ལ་སེང་གེ་མཁར་ཞེས་མིང་ཐོགས། སེང་གེ་མཁར་གྱི་སྒྲུབ་སྡེ་འདི་ཡང་རི་གདོང་དེར་གནས་པའི་ཚེ་སེང་གེ་མཁར་གྱི་རི་ཁྲོད་ཅེས་གྲགས་པའི་རྒྱུན་ལས་མིང་ཡང་དེ་ལྟར་གྲགས་སོ། ། དེ་ནས་བར་སྐབས་ཤིག་ཏུ་སེང་གེ་མཁར་དུ་གནས་འཆའ་བའི་མི་ཁྱིམ་རྣམས་ས་གནས་གཞན་དུ་གནས་འཕོས་ཏེ་སྟོང་བར་ལུས་ནས་ཡུན་ཤིན་ཏུ་རིང་བོ་ལོན་པའི་ཕྱིས་ཀྱི་སྐབས་ཤིག་ན། མདོ་སྔགས་ལ་སྦྱངས་པ་ཕུལ་དུ་ཕྱིན་ཅིང་སྒྲུབ་པ་ལ་མཆོག་ཏུ་གཞོལ་བའི་ཟི་ན་ཆོས་རྗེ་ལེགས་པ་རྒྱལ་མཚན་གྱིས་སྐུ་འབུམ་ཆོས་སྡེ་ཆེན་པོར་དཔལ་གསང་བ་འདུས་པའི་འཆད་ཉན་གཙོ་བོར་མཛད་པའི་རྒྱུད་ཀྱི་བཤད་གྲྭ་གསར་འཛུགས་མཛད་དེ་ཆོ་ག་ཕྱག་ལེན་དང་སྒྲིག་ལམ་ཆོས་སྤྱོད་ཀྱི་རིམ་པ་རྣམས་དབུས་ཀྱི་རྒྱུད་སྨད་གྲྭ་ཚང་དང་ཆ་འདྲ་བ་ཞིག་ལེགས་པར་བཙུགས། དགེ་འདུན་གྱི་སྡེ་འཁོར་ལོ་གསུམ་གྱི་བྱ་བའི་སྒོ་ནས་ཡུན་རིང་བོར་བསྐྱངས་པའི་མཐར། སེང་གེ་མཁར་གྱི་རི་ཁྲོད་དུ་ཕེབས་ཏེ་དབེན་གནས་མཛད་ཅིང་། དགེ་སློང་སྡེ་སྣོད་འཛིན་པའི་སྤོང་བ་བ་དང་དགེ་སྦྱོར་ལ་བརྩོན་པའི་ཚོགས་དུ་མ་དང་ལྷན་ཅིག་པར་ཐུགས་དམ་ལ་བརྩོན་པ་ལྷུར་བཞེས་མཛད་ཅིང་བཞུགས་སོ། །(སྐུ་འབུམ་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན་ལས། ཟི་ན་ཆོས་རྗེ་ལེགས་པ་རྒྱལ་མཚན་གྱིས་ཁང་ཁྲིན་ས་ཆར་རི་ཁྲོད་དགེ་འཕེལ་ཆོས་འཁོར་གླིང་སྟེ་སེང་གེ་རི་ཁྲོད་དུ་གྲགས་པ་ཕྱག་འདེབས་མཛད་དེ་བཞུགས་ནས་ཐུགས་དམ་ལ་ཅི་དགར་རོལ་ཚུལ་གསུངས་འདུག་གོ །)དེ་ནས་ཡང་དུས་ཕྱིས་སུ་སྡེ་སྣོད་གསུམ་ལ་མཁྱེན་སྤྱན་ཡངས་ཤིང་བསླབ་གསུམ་ནོར་བུའི་བང་མཛོད་ཀྱིས་ཐུགས་རྒྱུད་ཕྱུག་པའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཆོས་ཀྱི་རྗེ་ཨ་ཀྱཱ་ཤེས་རབ་བཟང་བོ་ཞེས་བྱ་བའི་དམ་པ་དེ་ཉིད་སྐུ་འབུམ་ཆོས་སྡེ་ཆེན་པོའི་མཁན་པོར་མ་ཕེབས་པའི་གོང་ཙམ་དུ་སྒྲུབ་སྡེ་སེང་གེ་མཁར་གྱིས་གནས་བརྟན་བགྲེས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་གསོལ་བ་བཏབ་པ་ལ་བརྟེན་ནས་སེང་གེ་མཁར་དུ་ཕེབས། དབྱར་གནས་ཟླ་བ་གསུམ་ཚང་བར་མཛད་ཅིང་སྒྲུབ་སྡེ་ལ་གཞི་གསུམ་གྱི་ཕྱག་ལེན་རྣམ་པར་དག་པ་བཙུགས། དབུས་ནས་དུང་དཀར་རས་པའི་སྤྲུལ་སྐུ་ཚངས་དབྱངས་འབྲུག་གྲགས་ཞེས་བྱ་བ་དེ་ཉིད་རྒྱལ་དབང་བློ་བཟང་རྒྱ་མཚོའི་སྐུ་ཚབ་མཁན་པོ་མཛད་ནས་རྒྱ་ནག་ཕོ་བྲང་དུ་ཕེབས་པའི་ལམ་དུ་སེང་གེ་མཁར་དུ་གདན་དྲངས་ཏེ་རྒྱལ་བོ་ལུགས་ཀྱི་ཐུགས་རྗེ་ཆེན་པོ་ལ་ཐུབ་པ་དྲུག་དང་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་ཀྱིས་བསྐོར་བའི་ལས་བྱང་ཉི་མའི་སྙིང་བོའི་སྒོ་ནས་མ་ཎི་རིལ་སྒྲུབ་ཀྱི་ཆོ་ག་བཙུགས་ཤིང་རིལ་བུ་རྒྱ་ཆེར་འཕེལ་བ་བྱུང་། སེང་གེ་མཁར་གྱི་རི་ཁྲོད་པ་རྣམས་ཀྱིས་ཆོས་རྗེ་ཨ་ཀྱཱ་ཤེས་རབ་བཟང་བོ་མཆོག་གནས་འདིར་བཞུགས་དགོས་ཀྱི་གསོལ་བ་ནན་ཆེར་བཏབ་པས་རྗེས་མར་དེ་ལྟར་བྱེད་ཅེས་ཞལ་བཞེས་གནང་། དེ་ནས་དུས་ཕྱིས་སླར་ཡང་སེང་གེ་མཁར་གྱི་གནས་འདིར་བྱོན། སྒྲུབ་སྡེ་སེང་གེ་མཁར་གྱི་དགེ་འདུན་བགྲེས་གཞོན་ཐམས་ཅད་ཀྱི་འདོད་མོས་ལྟར་འདུ་ཁང་དང་གླིང་གི་སྤྱིལ་བུ་བཅས་རི་གདོང་གི་མཁར་ནང་ནས་ད་ལྟའི་ལུང་བའི་ཕུའི་ཉིན་ངོས་སུ་གནས་སྤོས། གཙུག་ལག་ཁང་འདེབས་པའི་སྔོན་དུ་བཀྲ་ཤིས་གསོ་སྦྱོང་མཛད་ཅིང་ཆོས་སྐྱོང་དང་གནས་བདག་ལ་མཆོད་གཏོར་ཕུལ་ཏེ་འཕྲིན་ལས་བཅོལ། དེ་ནས་འདུ་ཁང་ཀ་བ་སུམ་ཅུ་དང་སྒོ་འཕྱོར་ཀ་བ་བཞིའི་ས་ཅན། སྟེང་གི་གཡས་གཡོན་རྒྱབ་གསུམ་དུ་ཁང་སྐོར་དང་། མདུན་དུ་པུ་ཤུ་ཡོད་པ། འདུ་ཁང་གི་ནང་དུ་ཕྱོགས་གསུམ་གྱི་རྩིག་འགྲམ་འཁོར་བར་རྟེན་གྱི་གཙོ་བོ་ཐུབ་དབང་། གནས་བརྟན་བཅུ་དྲུག དགེ་བསྙེན་ངྷརྨ་ཏ་ལ། རྒྱ་ནག་ཧ་ཤང་། རྒྱལ་ཆེན་བཞི་དང་བཅས་པའི་ཞལ་ཐང་བཅུ་དགུ འདུ་ཁང་གི་མདོ་ནས་ཕུགས་སུ་ཁ་ཕྱོགས་པར་དམག་ཟོར་ལྷ་མོ་དང་། ལྕམ་སྲིང་བཅས་ཆོས་སྐྱོང་གཉིས་ཀྱི་ཞལ་ཐང་སོགས་ཉེར་གཅིག་པོ་ཐམས་ཅད་བཟོ་བཀོད་སྤུས་གཙང་བ། ལྕམ་སྲིང་ཁེབས་པར་རྣམ་བཅུ་དབང་ལྡན་ལ་ལཉྫའི་སྔགས་ཀྱིས་བསྐོར་བ་བྲིས་པའི་བླ་བྲེས། གདུང་མ་དང་རྩིག་པའི་འགྲམ་གྱི་འཇའ་རིས་གང་ཡོད་ལ་རྡོ་རྗེ་རྣམ་འཇོམས་ཀྱི་གཟུངས་རིང་ལ་ལཉྫའི་ཡི་གེས་ཁྱབ་པར་བྲིས་པ། འཁྱམས་ཀྱི་ཁང་སྐོར་རུང་ཁང་དང་། མདུན་ངོས་ནས་འདུ་ཁང་ལ་ཁ་ཕྱོགས་པར་དཀར་ཕེབས་ཀྱི་རྩིག་པའི་ངོས་ལ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། གཡས་གཡོན་དུ་ཕྱག་ན་རྡོ་རྗེ་དང་རྟ་མགྲིན་བཅས་གཙོ་འཁོར་གསུམ་ལྡེབས་རིས་སུ་བྲིས་པ། འདུ་ཁང་སྒོ་འཕྱོར་གྱི་འཁྱམས་སུ་ལས་བྱང་ཉི་མའི་སྙིང་བོ་ལས་གསུངས་པའི་ཐུབ་པ་དྲུག་སྐོར་བཞེངས་སྟབས་ཅན་དང་། སོ་སོའི་མདུན་དུ་འགྲོ་བ་དྲུག་པོ་རང་རང་གི་སྡུག་བསྔལ་མྱོང་ཚུལ་གྱི་བཀོད་པ་དང་བཅས་པ། འདུལ་བ་ལུང་དུ་དགེ་འདུན་གྱི་གཙུག་ལག་ཁང་གི་འཁྱམས་སུ་འཁོར་བའི་འཁོར་ལོ་ཆ་ལྔ་བ་འབྲི་བར་གསུངས་པ་དང་ཆ་མཐུན་པར་བཀོད་པ། ཕྱིའི་སྒོ་ཁང་ཡང་མཐོ་དམན་འཚམ་པར་བཀོད་པ། དེ་ལྟ་བུའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལེགས་པར་གྲུབ་པ་དེ་ནི་མིག་ལམ་དུ་མཛེས་པ་ཁོ་ན་ལྷུར་བླངས་པ་ཙམ་མ་ཡིན་པར། དགེ་འདུན་རྣམས་ཐུགས་མཐུན་ཁྲིམས་གཙང་དང་། དགེ་སྦྱོར་བསྙེན་བཀུར་འཕེལ་བ། ཕྱི་རོལ་གྱི་འབྱུང་བ་མི་དང་མི་མིན་གྱི་གནོད་པ་ལས་བསྲུང་བ། དམ་པའི་ཆོས་འདུལ་བ་ནས་གསུངས་པའི་གཙུག་ལག་ཁང་གི་བཀོད་པ་དང་མཐུན་པ་སོགས་དགོས་པ་ཁྱད་པར་ཅན་དུ་མ་དང་ལྡན་པར་བཞེངས། ཟི་ན་ཆོས་རྗེ་ལེགས་པ་རྒྱལ་མཚན་དང་ཨ་ཀྱཱ་ཤེས་རབ་བཟང་བོ་སོགས་སྐྱེས་ཆེན་དམ་པ་དེ་དག་གནས་འདིར་རྒྱུན་བཞུགས་གནང་བའི་སྐབས་སྔ་ཕྱི་ཀུན་ཏུ་མང་ཐོས་སྒྲུབ་ལ་གཞོལ་བའི་དགེ་བའི་བཤེས་གཉེན་དུ་མ་སེང་གེ་རི་ཁྲོད་འདིར་བཞུགས་ཏེ་བསླབ་གསུམ་ཉམས་བཞེས་ཡུན་རིང་མཛད་པའི་སྤོང་བ་བ་མང་དུ་བྱུང་། ཁྱད་པར་དུ་ཟི་ན་ཆོས་རྗེ་ལེགས་པ་རྒྱལ་མཚན་དང་། ཨ་ཀྱཱ་ཆོས་རྗེ་ཤེས་རབ་བཟང་བོ། མཁས་གྲུབ་དམ་པ་ཆུ་རུལ་ཁ་བ་དཀའ་ཆེན་བློ་བཟང་དར་རྒྱས་སོགས་སྒོ་གསུམ་གྱི་མཛད་སྤྱོད་རྣམས་སྔོན་གྱི་ཇོ་བོ་བཀའ་གདམས་པའི་རྣམ་ཐར་ལ་གནས་ཏེ་བསྟན་པ་རིན་པོ་ཆེའི་དམིགས་རྐྱེན་བླ་ན་མེད་པར་གྱུར་ཅིང་། དེ་ལ་བརྟེན་ནས་གནས་འདིར་གཉུག་མར་གནས་པ་དང་། གློ་བུར་དུ་ལྷགས་པའི་དགེ་འདུན་པ་རྣམས་ཀྱང་། ཚོགས་སུ་ཆོས་སྤྱོད་ཀྱི་རིམ་པ་དང་། རང་རང་གི་སྤྱིལ་བུ་རྣམས་སུ་ཡི་དམ་ལྷའི་བསྒོམ་བཟླས། བླ་མའི་རྣལ་འབྱོར། མནྟལ། ཡན་ལག་བདུན་པ། སྰཙྪ་འདེབས་པ། གཏོར་མ་བརྒྱ་རྩ་སོགས་དགེ་སྦྱོར་གྱི་བྱ་བ་ལ་བརྩོན་ཞིང་། སོ་སོའི་བློ་ཚོད་དང་འཚམ་པར་ལམ་རིམ། བློ་སྦྱོང་། གཞི་གསུམ་ཆོ་ག   དགེ་ཚུལ་དགེ་སློང་གི་བསླབ་བྱ་སོགས་ལྟ་བ་དང་། ཉན་པ་དང་། སེམས་པ་དང་། སྒྲིག་ལམ་ཀུན་སྤྱོད་ཀྱང་ཤིན་ཏུ་གཙང་ཞིང་སྐལ་ལྡན་དང་བ་འདྲེན་པའི་དམིགས་རྐྱེན་དང་། ཡུལ་འཁོར་གྱི་སྐྱེ་བོ་དག་གི་བསོད་ནམས་གསོག་པའི་ཞིང་མཆོག་བླ་ན་མེད་པའི་སྲོལ་བཟང་ཚུགས་སོ། ། དེའི་རྗེས་སུ་ཟི་ན་ཆོས་རྗེ་བྱ་ཁྱུང་མཁན་ཟུར་སྔ་མ་ངག་དབང་བློ་བཟང་གནས་འདིར་ཕེབས་པ་དང་། ཡང་ཁོང་གི་སྐུ་ཚ་ཟི་ན་ཆོས་རྗེ་བྱ་ཁྱུང་མཁན་ཟུར་ཕྱི་མ་ངག་དབང་བསྟན་པ་གནས་འདིར་ལན་གཉིས་ཕེབས་ཏེ་བྱང་ཆུབ་ལམ་གྱི་རིམ་པ་སོགས་ལ་བརྩོན་པར་མཛད་ཅིང་གཙོ་ཆེར་དབེན་གནས་དེར་སྒྲུབ་པ་སྙིང་བོར་མཛད་དེ་བཞུགས། དེ་ནས་ཟི་ན་ཨེར་ཏི་ནི་ནང་སོ་དེ་ཉིད་གནས་འདིར་བཞུགས་སྐབས་ཁོང་གིས་གཙུག་ལག་ཁང་རྙིང་བ་ཞིག་གསོ་བྱེད་རྒྱུའི་མཐུན་རྐྱེན་སྦྱོར་བ་དང་ལས་ཀའི་དོ་དམ་གྱི་ཁུར་ལེན་ཡང་དག་པར་མཛད་ནས། གཙུག་ལག་ཁང་སྔར་ལས་རྒྱ་བསྐྱེད་དེ་རྒྱ་མཐོངས་ཀ་བ་བཞི་དང་སྒོ་འཕྱོར་ཀ་བ་བཞིའི་ས་དང་བཅས་པའི་འདུ་ཁང་ཀ་བ་སོ་དྲུག་གི་རྒྱ་ཁྱོན་ཅན། སྟེང་དུ་རྒྱབ་ངོས་མཆོད་ཁང་དང་། མདུན་ངོས་རབ་གསལ་དང་བཅས་པའི་ཁང་སྐོར་འཁོར་མ། རྒྱ་མཐོངས་ཀྱི་ནང་དུ་སྟོན་པ་ཐུབ་པའི་དབང་བོའི་ཆོ་འཕྲུལ་གྱི་ཞིང་བཀོད་ཞལ་ཐང་བཅོ་ལྔ་གསར་བཞེངས་དང་། འདུ་ཁང་རྙིང་བའི་མཆོད་རྫས་ཀྱི་སྟེང་དུ་འཕན་དང་། ཕྱེ་ཕུར། བླ་བྲེས། རྒྱལ་མཚན་སོགས་གསར་སྒྲུབ་དུ་མ་དང་བཅས་པ་བསྣན་ཏེ་བསྒྲུབས། གཙུག་ལག་ཁང་གི་དབྱིབས་དང་ལྡེབས་རིས་སོགས་སྔར་གྱི་འདུ་ཁང་རྙིང་བ་ཇི་ལྟ་བུ་བཞིན་དུ་བྱས་ཏེ་བཀོད་པ་མཛེས་ཤིང་སྤུས་གཙང་བ་བཞེངས། སྐབས་སྔ་ཕྱི་དེ་དག་ཅི་རིགས་པར་ཨ་ཀྱཱ་ཤེས་རབ་བཟང་བོ་དེ་ཉིད་ཀྱི་ཐུགས་དམ་མཛད་པའི་རྟེན་སྨན་བླའི་ཕོ་བྲང་གི་ཞིང་བཀོད་ཙ་ཀ་ལི་མཆོད་རྫས་དང་བཞུགས་སྟེགས་བང་ལྕོག་དང་བཅས་པ་ཆ་ཚང་འདུ་ཁང་དུ་ཕུལ། སྐུ་འབུམ་གྱི་གདན་ས་མགོན་ཀྱཱ་དཔོན་སློབ་གྲགས་པ་རྒྱ་མཚོའི་ཡང་སྲིད་མགོན་ཀྱཱ་ཞབས་དྲུང་གྲགས་པ་རྒྱལ་མཚན་གྱིས་བདེ་གཤེགས་མཆོད་རྟེན་བརྒྱད་ཙན་དན་ལས་གྲུབ་པ་སྟེང་གི་མཆོད་ཁང་དུ་ཕུལ། རྗེ་ཙོང་ཁ་བ་ཆེན་པོའི་དངོས་སློབ་ཧོར་སྟོན་ནམ་མཁའ་དཔལ་ཞེས་གྲགས་པའི་སྐྱེས་མཆོག་དམ་པ་དེ་ཉིད་ཀྱི་ཡང་སྲིད་རིམ་པར་བརྒྱུད་པ་ཧོར་ཞབས་དྲུང་ཞེས་བྱ་བ་དེ་ཉིད་ཀྱིས་རྒྱལ་བའི་བཀའ་འགྱུར་ཁམས་ལི་ཐང་གི་མཚལ་པར་མ་གླེགས་ཤིང་གླེགས་ཐག་མནབ་བཟའ་དང་བཅས་པ་འདུ་ཁང་དུ་ཕུལ་བ་སོགས་སྐུ་གསུང་ཐུགས་རྟེན་བྱོན་གཙང་ཞིང་བྱིན་རླབས་ཀྱི་གཟི་འོད་འབར་བ་མང་དུ་བཞུགས། དེ་ནས་དུས་ཕྱིས་ཨ་ཀྱཱ་སྐུ་ཕྲེང་གཉིས་པ་མཁས་པའི་དབང་ཕྱུག་བློ་བཟང་བསྟན་པའི་རྒྱལ་མཚན་གནས་འདིར་ཕེབས་ནས་སྒྲུབ་སྡེ་ཉམས་གསོ་དང་། སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ། ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་དགུང་ལོ་སོ་དྲུག་པ་རབ་བྱུང་བཅུ་གཉིས་པའི་ཆུ་ཕག་སྤྱི་ལོ་༡༧༤༣ལོའི་ཟླ་བ་གསུམ་པའི་ཚེས་ལ་དབེན་གནས་སེང་གེ་མཁར་དུ་བཞུགས་པ་དང་། ད་དུང་ལོ་འདི་ལ་ཁོང་ཉིད་དབེན་གནས་ལྷ་རྩེ་རི་ཁྲོད་དུ་བཞུགས་ནས་པྰ་ཇུར་དགོན་གྱི་ཁྲི་བ་མ་ཎི་ཞབས་དྲུང་བློ་བཟང་བསྟན་འཛིན་སོགས་ལ་བཀའ་ཆོས་མང་དུ་གསུངས། ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གིས་སེང་གེ་མཁར་གྱི་སྒྲུབ་སྡེ་འཛིན་བདག་མཛད་མུའི་སྐབས། རྒྱ་ནག་པེ་ཅིང་དགའ་ལྡན་བྱིན་ཆགས་གླིང་དགོན་པར་འཆད་ཉན་སློབ་དཔོན་དུ་ཕེབས། ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་ཚང་པེ་ཅིང་དུ་བཞུགས་སྐབས་སེང་གེ་མཁར་གྱི་སྒྲུབ་སྡེར་བཞུགས་པའི་ལས་ཀྱི་སྣེ་མོ་བ་དག་གིས་སེང་གེ་མཁར་གྱི་སྒྲུབ་སྡེ་གཙུག་ལག་ཁང་རྙིང་གོག་ཏུ་སོང་བའི་གནས་ཚུལ་གྱི་འཕྲིན་ཡིག་བསྐུར་བ་ན། ཨ་ཀྱཱ་རིན་པོ་ཆེས་དངུལ་སྲང་ཉིས་བརྒྱ་དང་ལྔ་བཅུ་འདུ་ཁང་ཞིག་གསོས་ཆ་རྐྱེན་དུ་ཕུལ་ཞིང་། གཞན་ཡང་སྦྱིན་བདག་ཆེ་ཕྲ་དུ་མས་དད་པས་ཀུན་ནས་བསླངས་ཏེ་ཞལ་འདེབས་མང་དུ་ཕུལ། དེ་ནས་རབ་བྱུང་བཅུ་གསུམ་པའི་མེ་གླང་སྤྱི་ལོ་༡༧༥༧ལོའི་ཧོར་ཟླ་གསུམ་པའི་ཚེས་བཞི་ནས་ཤིང་ལས་དང་། སོ་ཕག རྩིག་པ། རྨང་རྡོ་སོགས་ཀྱི་ལས་མགོ་ཚུགས་ཏེ་ལོ་དེ་ཉིད་ཀྱི་ཧོར་ཟླ་བརྒྱད་པའི་ནང་དུ་ལེགས་པར་བསྒྲུབས། རབ་འདོད་ས་སྟག་སྤྱི་ལོ་༡༧༥༨ལོའི་ཧོར་ཟླ་བདུན་པའི་བཅུ་དགུ་ནས་ལྡེབས་རིས་དང་ཤིང་རྩི་བྱུགས་པའི་མགོ་བཙུགས་ནས་ཧོར་ཟླ་དགུ་བའི་ཚེས་བཅུ་གསུམ་ལ་རྫོགས་པར་བསྒྲུབས་ཤིང་། སྟེང་ཤོད་ཀྱི་བཀོད་པ་དང་ལྡེབས་རིས་སོགས་ཕལ་ཆེར་སྔོན་གྱི་འདུ་ཁང་གི་བཟོ་དབྱིབས་དང་བསྟུན་ནས་ཁྱད་པར་ཅུང་ཟད་བསྒྱུར་ལ། རྒྱ་མཐོངས་ངོས་ཀྱི་ལྡེབས་རིས་ལ་མཁས་གྲུབ་རིན་པོ་ཆེའི་གཟིགས་སྣང་རྗེ་གཟིགས་པ་ལྔ་ལྡན་དང་། ལོགས་གཉིས་སུ་ལྷ་མོ་དང་། བེག་ཙེ་གཉིས། སྒོ་འཕྱོར་གྱི་རྩིབས་ལོགས་གཡས་གཡོན་དུ་རྒྱལ་ཆེན་བཞིའི་སྐུ་བརྙན་བཞེངས། དུས་ཕྱིས་ཆེ་ཤོས་དགེ་སློང་ངག་དབང་དོན་གྲུབ་ཀྱིས་ཀྱང་རྒྱ་ནག་ནས་གསར་དུ་བཞེངས་པའི་སྟོན་པ་ཐུབ་པའི་དབང་བོའི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་ཁྲི་རྒྱབ་ཡོལ་ཅན། གསོ་སྦྱོང་གི་སྐབས་གྲལ་གོང་དུ་བཞུགས་རྒྱུར་དམིགས་ནས་ཕུལ། དེ་ནས་དུས་ཕྱིས་ཆུ་བཟང་སྤྲུལ་སྐུ་ངག་དབང་ཐུབ་བསྟན་དབང་ཕྱུག་མཆོག་སེང་གེ་རི་ཁྲོད་དུ་གདན་དྲངས་ཏེ་དཀྱིལ་འཁོར་གྱི་གཙོ་བོར་བཞེངས་ཏེ་སྒྲུབ་གྲོགས་འདུས་པའི་ཚོགས་དང་བཅས་པས་གཙུག་ལག་ཁང་ལ་རབ་གནས་རྒྱས་བར་མཛད་ཅིང་བཀྲ་ཤིས་པའི་མེ་ཏོག་ཆར་དུ་ཕབ། ཆུ་བཟང་སྤྲུལ་སྐུ་ངག་དབང་ཐུབ་བསྟན་དབང་ཕྱུག་ཚང་སྐུ་འབུམ་བྱམས་པ་གླིང་གི་མཁན་ཁྲིར་བཞུགས་པའི་སྐབས་སྔ་ཕྱི་ཅི་རིགས་པར་ཕ་གཞིས་རི་ཁྲོད་ཀྱི་འདུ་ཁང་དང་། ཟི་ན་ལྷ་ཁང་། མཆོད་རྟེན་སྐེའི་དགོན་པའི་ལྷ་ཁང་སོགས་ལྷ་ཁང་འདུ་ཁང་གི་རྟེན་གསུམ་མང་བོར་རབ་གནས་མཛད་དེ་རིས་མེད་འགྲོ་བ་མ་ལུས་པའི་བསོད་ནམས་བསགས་པའི་ཞིང་ས་དམ་པར་བསྐྲུན། དེ་ལྟར་བཞེངས་པའི་སྟབས་ཀྱིས་ལྷ་རིས་པ་དབུ་མཛད་དབོན་ཆུང་ངག་དབང་བློ་བཟང་གིས་གཙོ་བྱས་པའི་མི་བཅུ། ཤིང་བཟོ་བ་ཨ་ཝང་ཧན་གྱིས་གཙོས་པའི་ལས་བྱེད་བཅུ་བཞི། ལས་ཀའི་ཁུར་ལེན་སྤྱི་གཉེར་སྔ་མ་དགེ་སློང་ངག་དབང་བསམ་འགྲུབ་དང་། ངག་དབང་བསོད་ནམས་གཉིས། སྤྱི་གཉེར་ཕྱི་མ་དགེ་སློང་ངག་དབང་རྒྱ་མཚོ་དང་ངག་དབང་ཕུན་ཚོགས་གཉིས། སེང་གེ་རི་ཁྲོད་ཀྱི་དགེ་འདུན་མང་མས་གང་བབ་ཀྱི་རོགས་རམ་གང་དྲག་བགྱིས་ཏེ་བྱ་བ་ལས་ཀྱི་འཁོར་ལོ་ཁ་ན་མ་ཐོ་བ་དང་མ་འདྲེས་ཤིང་ལྷག་བསམ་རྣམ་དག་གི་སྒོ་ནས་ལེགས་པར་བསྒྲུབས་པ་ཡིན་ནོ། ། ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་སེང་གེ་རི་ཁྲོད་འདི་ཉིད་འཛིན་བདག་དང་གནས་འདིར་རྒྱུན་རིང་བཞུགས་སྐབས། དགེ་འདུན་པ་རྣམས་ནི་ཚེ་འདིའི་རྙེད་བཀུར་སྙན་གྲགས་སོགས་དོན་དུ་མི་གཉེར་བར་འཇིག་རྟེན་ཕྱི་མ་དང་ཐར་བ་དོན་དུ་གཉེར་བའི་རབ་ཏུ་བྱུང་བ་དག་གིས་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ལ་བརྩོན་པ་ལྷུར་ལེན་པ་མང་བོས་གང་བ་དང། དེ་ལ་དགེ་འདུན་ནང་མི་མཐུན་པ་སོགས་ཀྱི་དགེ་སྦྱོར་གྱི་བར་ཆད་མེད་པ་དང་། རང་རང་སོ་སོས་སྤོང་བ་དང་ཀློག་པས་བསྡུས་པའི་དགེ་སྦྱོར་གང་བྱེད་པར་འདོད་ཀྱང་འདོད་དོན་ཡིད་བཞིན་དུ་འགྲུབ་པ་སོགས་ཆོས་དང་མཐུན་པའི་ལེགས་ཚོགས་ཐམས་ཅད་ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པའི་དབེན་གནས་ཉམས་དགའ་ཞིང་བཞུགས་སྤྲོ་བ་ཞིག་ཡིན་ནོ། ། རབ་འདོད་ཤིང་སྦྲུལ་སྤྱི་ལོ་༡༧༨༥ལོར་ཨ་ཀྱཱ་སྤྲུལ་སྐུ་བློ་བཟང་འཇམ་དབྱངས་རྒྱ་མཚོ་དང་། སེང་གེ་རི་ཁྲོད་ཀྱི་དགེ་འདུན་སྤྱིན་བདག་དང་བཅས་པའི་ཞབས་བརྟན་དུ་དམིགས་ནས། སྒྲུབ་སྡེ་རང་དུ་བྱང་ཆུབ་མཆོད་རྟེན་བཟོ་བཀོད་ཕུན་སུམ་ཚོགས་པ་ཞིག་སྒྲུབ་སྡེ་རང་གི་གཉེར་བ་ངག་དབང་ལྷུན་གྲུབ་ཀྱིས་ཁུར་བླངས་བྱས་ཏེ་ལེགས་པར་བཞེངས། འདིའི་ནང་བཞུགས་རྟེན་གསུམ་གྱི་རིམ་པ་ཡང་། ཚེ་དཔག་མེད་ཀྱི་ལི་སྐུ་བྱོན་ལེགས། རྗེ་བཙུན་མི་ཕམ་མགོན་པོའི་གསེར་སྐུ། སློབ་དཔོན་རིན་པོ་ཆེའི་སྐུ་རྒྱ་གར་ལི་མ། རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་ཕྱག་ཚྭ། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་ཕྱག་ཚྭ་རྡོ་རྗེ་འཇིགས་བྱེད་དང་། བཀའ་གདམས་ལྷ་བཞི། གཞན་ཡང་སྨན་འདམ་ལས་གྲུབ་པའི་ཀླུ་དབང་རྒྱལ་བོའི་སྐུ་བརྙན་བཅས་དང་། གསང་འདུས་ཀྱི་དཀྱིལ་འཁོར་གསེར་ཐང་གཅིག གནས་བརྟན་བཅུ་དྲུག་གི་ཞལ་ཐང་སོགས་སྐུའི་རྟེན་དང་། གསེར་གྱི་བྲིས་པའི་འཇམ་དཔལ་མཚན་བརྗོད། དངུལ་གྱི་བྲིས་པའི་འབུམ། ཉི་ཁྲི། གསེར་འོད། གཟུངས་སྡེ་ལྔ། སངས་རྒྱས་ཀྱི་མཚན་འབུམ། མ་ཎི་བཀའ་འབུམ། ཐར་མདོ། སྨན་མདོ། གཅོད་པ་གསུམ་འདུས་པའི་གླེགས་བམ། བརྒྱད་སྟོང་བ། བསྐལ་བཟང་། གཟུངས་བསྡུས། དེ་ལས་གཞན་གཟུངས་དང་མཚན་སྔགས་སོགས་གསུང་གི་རྟེན་དང་། བདེ་གཤེགས་བརྒྱད་ཀྱི་མཆོད་རྟེན་སྒོ་ཁྱིམ་ལ་བདེ་གཤེགས་བརྒྱད་ཀྱི་སྐུ་ཡོད་པ་བརྒྱད་དང་། གསེར་ཟངས་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན། མ་ཎིའི་བུམ་པ་ཆ་ཚང་གཅིག བྱིན་རྟེན་སྣ་ཚོགས་འདུས་པའི་བུམ་པ་གཅིག་བཅས་ཐུགས་ཀྱི་རྟེན་དང་། གཞན་ཡང་ཛམ་ལྷའི་གཏེར་བུམ། ལྷ་ཀླུ་གཉིས་ཀྱི་གཏེར་བུམ། སྦུབ་ཆ་དང་སིལ་སྙན་རྒྱ་གླིང་རྡོར་དྲིལ་ཏིང་ཤག་རིལ་པ་མེ་ལོང་དུང་དཀར་སོགས་དང་། མེ་མདའ་རལ་གྲི་མདའ་གཞུ་ཆ་ཚང་བཅས་དང་། ས་སྣ་ཆུ་སྣ་སོགས་སྐུ་གསུང་ཐུགས་ཀྱི་རིམ་པ་དང་མཆོད་པའི་རྫས་རྣམས་གོ་རིམ་མ་འཆོལ་བར་ལེགས་པར་ཕུལ་ཡོད་ཚུལ་ཨ་ཀྱཱ་སྤྲུལ་སྐུ་བློ་བཟང་འཇམ་དབྱངས་རྒྱ་མཚོས་མཛད་པའི་མཆོད་རྟེན་འདིའི་དཀར་ཆག་རབ་གསལ་མེ་ལོང་ལས་གསུངས་སོ། ། རབ་ཡིད་ཤིང་ཁྱི་སྤྱི་ལོ་༡༨༡༤ལོའི་དགུན་ཁར་ཨ་ཀྱཱ་སྤྲུལ་སྐུ་བློ་བཟང་འཇམ་དབྱངས་རྒྱ་མཚོ་མཆོག་སེང་གེ་རི་ཁྲོད་དུ་བཞུགས་དུས། ཁོང་གི་བླ་མ་མི་ཉག་མཁན་ཆེན་ཚུལ་ཁྲིམས་བསྟན་པའི་ཉི་མ་སྐུ་ཁམས་བསྙེལ་བའི་ཚུལ་བསྟན་པས། ཨ་ཀྱཱ་སྤྲུལ་སྐུས་གསོལ་དཔོན་འཇམ་དབྱངས་ཉི་མ་སྐུ་མདུན་དུ་མངགས་ཏེ་ཞབས་པད་ཡུན་བརྟན་གྱི་གསོལ་བ་ནན་ཏན་ཞུས་ཤིང་། དེའི་ཚེ་ཨ་ཀྱཱ་སྤྲུལ་སྐུས་བསྙུན་འདྲིའི་མཚམས་ཞུས་དང་སྦྲགས་ཞུ་ཚིག་དད་གུས་ཀྱི་སྙིང་བོ་མུ་ཏིག་ཕྲེང་བ་ཞེས་བྱ་བ་བསྐུར་གནང་མཛད་དོ། ། སྐབས་སྔ་ཕྱི་ཅི་རིགས་སུ་གནས་འདིར་ཕེབས་པའི་སྔོན་གྱི་སྐྱེས་ཆེན་འགའ་ཞིག་གི་མཚན་ཙམ་སྨྲས་ན། མདོ་སྔགས་ཆོས་ཀྱི་སྤྱན་ལྡན་སློབ་དཔོན་སྦྱིན་པ་དར་རྒྱས་སེང་གེ་རི་ཁྲོད་དུ་བཞུགས། རབ་བྱུང་བཅུ་གཉིས་པའི་ཆུ་བྱ་སྤྱི་ལོ་༡༦༩༣ལོར་སེང་གེ་རི་ཁྲོད་དུ་ཁང་ཆེན་བླ་མ་དཔའ་སྲེ་བ་ཚུལ་ཁྲིམས་རྒྱ་མཚོས་གཡེར་གཤོང་སྔགས་འཆང་འཇམ་དབྱངས་བློ་གྲོས་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་མ་ཎི་བཀའ་འབུམ་གྱི་ལུང་གནང་། རབ་བྱུང་བཅུ་གཉིས་པའི་མེ་བྱ་སྤྱི་ལོ་༡༧༡༧ལོར་སེང་གེ་རི་ཁྲོད་དུ་ཟི་ན་ཆོས་རྗེ་ངག་དབང་བསྟན་པས་ཆེ་ཤོས་སྐུ་ཕྲེང་དང་བོ་ངག་དབང་བསྟན་པ་ཚང་ལ་རབ་བྱུང་གི་སྡོམ་པ་སྩལ་ཏེ་མཚན་ལ་ངག་དབང་བསྟན་པ་ཞེས་བཏགས། ཆེ་ཤོས་ངག་དབང་བསྟན་པས་སེང་གེ་རི་ཁྲོད་དུ་དགེ་སློང་ཤེས་རབ་ལྷུན་གྲུབ་དགེ་རྒན་དུ་བསྟེན་ནས་ལོ་ངོ་དྲུག་ཙམ་བཞུགས་ཏེ་དབུ་ཅན་དབུ་མེད་སོགས་ལེགས་པར་བསླབས་པ་དང་། ཆོས་སྤྱོད་དང་ཆོ་གའི་རིགས་བློར་འཛིན་གནང་། ཆེ་ཤོས་ཡོངས་འཛིན་འཇམ་དབྱངས་དབང་རྒྱལ་སྐུ་ན་ཆུང་དུས་སེང་གེ་རི་ཁྲོད་དུ་བཞུགས་ནས་ཡི་གེ་འཕྲལ་སྦྱོར་གྱི་རིམ་པ་དང་ཆོས་སྤྱོད་སོགས་བསླབ་སྦྱངས་གནང་། རབ་ཡིད་མེ་རྟ་སྤྱི་ལོ་༡༨༤༦ལོར་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་སེང་གེ་རི་ཁྲོད་དུ་ཕེབས། ཉིན་མང་བོར་མཆོད་འབུལ་མཛད་ཅིང་དེར་བཞུགས་དགེ་འདུན་པ་རྣམས་ལ་འདོད་ཆོས་ཅི་རིགས་སྩལ། རབ་བྱུང་བཅུ་བཞི་བའི་མེ་ལུག་སྤྱི་ལོ་༡༨༤༧ལོར་ཆེ་ཤོས་སྤྲུལ་སྐུ་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མས་ཁོང་གི་ཡོངས་འཛིན་འཇམ་དབྱངས་དབང་རྒྱལ་གྱི་སྤྲུལ་སྐུ་འཇམ་དཔལ་བསྟན་པའི་ཉི་མ་ཚང་སེང་གེ་རི་ཁྲོད་དུ་བཞུགས་ཡོད་པ། ལོ་དེའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་སྐུ་འབུམ་དུ་གདན་དྲངས་ནས་གདན་སར་བཀོད། ད་དུང་ལོ་དེར་ཆེ་ཤོས་སྤྲུལ་སྐུ་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ་མཆོག་སེང་གེ་རི་ཁྲོད་དུ་གདན་དྲངས་ཤིང་། ཁོང་གིས་ཀུན་སྤངས་རི་ཁྲོད་པ་རྣམས་ལ་དགའ་ལྡན་ལྷ་བརྒྱ་མའི་ལུང་དང་། རིགས་གསུམ་མགོན་པོའི་སྙིང་བོའི་ལུང་སོགས་སྩལ། རི་ཁྲོད་པ་རྣམས་ལ་མང་ཇ་དང་། སྐུ་འགྱེད་སོགས་ཀྱི་བསྙེན་བཀུར་ཞུས། སྐུ་འབུམ་དཀའ་ཆེན་བྱང་ཆུབ་རིན་ཆེན་དཔལ་བཟང་བོ་ཡང་སེང་གེ་རི་ཁྲོད་དུ་ཕེབས་ནས་སྒྲུབ་པ་བསམ་གཏན་གྱི་འཁོར་ལོའི་རྒྱུན་ཡུན་རིང་བསྐྱངས་ཤིང་། སྐབས་འགར་ཀུན་སྤངས་འདུས་པའི་ཚོགས་ལ་ཆོས་རྒྱུན་མང་དུ་སྩལ། དཀའ་ཆེན་བྱང་ཆུབ་རིན་ཆེན་དཔལ་བཟང་བོ་གནས་དེར་བཞུགས་དུས། རྒྱལ་བའི་གསུང་རབ་ལ་མཁྱེན་སྤྱན་ཡངས་ཤིང་རྒྱ་ཆེན་གཏོང་ཕོད་ལ་སོགས་པའི་ཡོན་ཏན་དུ་མས་བརྒྱན་པ་སེང་གེ་རི་ཁྲོད་ཀྱི་གནས་ཀྱི་བླ་མ་དགེ་སློང་དགེ་འདུན་ཆོས་འཕེལ་དང་། ཚེ་འདི་བློས་བཏང་གི་དབེན་སར་ཉམས་ལེན་ལ་གཅིག་ཏུ་གཞོལ་བ་སྒོ་རྩེ་རི་ཁྲོད་པ་བསམ་འགྲུབ་རྒྱ་མཚོ་གཉིས་ཀྱིས་བསྐུལ་ངོར། སྦྱོར་ཆོས་དྲུག་གི་ཞལ་ཤེས་མན་ངག་ཐམས་ཅད་མཁྱེན་པར་བགྲོད་པའི་གསེར་གྱི་ཐེམ་སྐས་ཞེས་བྱ་བ་དབེན་གནས་སེང་གེ་རི་ཁྲོད་དགེ་འཕེལ་ཆོས་འཁོར་གླིང་དུ་བརྩམས། རབ་བྱུང་བཅོ་ལྔ་བའི་ས་འབྲུག་སྤྱི་ལོ༡༨༦༨ལོར་ཧོས་ཧོས་དང་ཟ་ལར་དཔུང་བསྡེབས་ཀྱིས་ཕྱོགས་ཀུན་ཏུ་དུས་འཁྲུག་བསླངས་པའི་སྐབས། སེང་གེ་རི་ཁྲོད་ཀྱི་འདུ་ཁང་དང་གྲྭ་ཤག་ཡོད་ཚད་མེ་བསྲེགས་བཏང་ཞེས་པའི་ངག་རྒྱུན་ཡོད་པ་དང་། དེ་དུས་ཨ་ཀྱཱ་སྤྲུལ་སྐུ་ཡེ་ཤེས་སྐལ་བཟང་མཁས་གྲུབ་རྒྱ་མཚོ་སོགས་ཀྱིས་སྐུ་འབུམ་དགོན་པ་གཙོ་བྱས་ཉེ་འཁོར་གྱི་དགོན་པ་རི་ཁྲོད་དང་གྲོང་སྡེ་རྣམས་སྲུང་སྐྱོབ་ཆེད་དམག་སྲིད་ཀྱི་བྱ་བ་བསྐྱངས་པའི་ལོ་རྒྱུས་སྐུ་འབུམ་གདན་རབས་སོགས་ལས་གསུངས་སོ། ། 

     རབ་བྱུང་བཅུ་དྲུག་པའི་ས་ཁྱི་སྤྱི་ལོ་༡༩༥༨ལོའི་ཡར་སྔོན་གྱི་སེང་གེ་རི་ཁྲོད་ཀྱི་གནས་བབ་ནི། ལུང་བའི་ཉིན་ངོས་སུ་མཁར་གྱང་ཆེན་པོ་ཞིག་བསྐོར་ཡོད་པའི་ནང་རོལ་ཏུ་འདུ་ཁང་ཁང་ལེབ་གྱན་གསུམ་ཡོད་པ་དང་། འདུ་ཁང་ནང་དུ་ཀུན་དགའ་ར་བ་གཉིས་དང་ཀུན་དགའ་ར་བའི་ནང་དུ་སྔོན་ཧོས་འཁྲུག་སྐབས་སུ་སྦས་སྐོང་བྱས་པའི་ལི་སྐུ་དང་སྨན་སྐུ་འགའ་རེ་བཞུགས་ཟེར། འདུ་ཁང་ནང་དུ་སྐུ་འདྲ་ཆེ་ཆུང་སྣ་ཚོགས་དང་། ཐང་ག  གྱན་ཐང་། མཆོད་ཆ། མཆོད་རྫས། གྲལ་གདན་སོགས་དངོས་རྫས་དང་སྣོད་སྦྱད་མི་ཉུང་བ་ཡོད་པར་བཤད། མཁར་ནང་གི་འདུ་ཁང་དེ་དོན་དངོས་སུ་སེང་གེ་རི་ཁྲོད་ཀྱི་མཆོད་ཁང་དུ་གྱུར་ཡོད། མཁར་གྱི་རྭ་སྐོར་ཕྱི་མའི་ནང་དུ་ཕྱོགས་བཞི་ཁང་སྐོར་འཁོར་མ་ཡིན་ལ། ནང་དུ་གྲྭ་ཁང་དང་། ཇ་ཁང་། འབྲུ་མཛོད་ཁང་། རྩ་ཁང་། རྟ་ཟོག་གི་ཁང་བ་སོགས་ཡོད་པར་བཤད། མཁར་གྱང་གི་རྒྱ་སྒོ་ཆེ་ཞིང་མཐོན་པོ་ཡིན་ལ་སྟེང་དུ་ཁང་ཆུང་གྱན་གཅིག་ཡོད་ཅིང་ཕྱོགས་བཞིར་སོ་ལྟའི་ཁུང་བུ་འགའ་རེ་བཏོད་ཡོད་ཟེར། གྲྭ་ཤག་གཉིས་མཁར་གྱི་ཕྱི་ལོགས་སུ་ཡོད། མཁར་གྱང་གི་མདུན་ངོས་སྲིབ་ཕྱོགས་ཀྱི་ཐེམ་ཐོག་ཏུ་སྔོན་ཆད་འདུ་ཁང་ངམ་ལྷ་ཁང་ཞིག་བཞེངས་ཞེས་བཤད་པ་ཕལ་ཆེར་བདེན་ཤས་ཆེ་སྟེ། དེང་སང་ཡང་སྔོན་གྱི་ཁ་མལ་ཀྱི་ཤུལ་ཏུ་རྩིག་གྱང་དང་ཀ་རྡོ་སོགས་ཡོད་པས་སོ། ། གནས་ཤུལ་དེའི་གོང་དུ་སྔོན་གྱི་གྲྭ་ཤག་གི་གྱང་རྩིག་ཙམ་ད་ལྟ་ཡང་དངོས་སུ་མཐོང་རྒྱུ་ཡོད། སེང་གེ་རི་ཁྲོད་ཀྱི་སྲིབ་ངོས་སུ་སྔོན་ཆད་བཙུགས་སྡོང་མང་བོ་སྐྱེས་ཡོད་པར་བཤད། སེང་གེ་རི་ཁྲོད་ཀྱི་ལུང་བའི་མདོའི་གཡོན་ཕྱོགས་སུ་མཆོད་རྟེན་ཆེན་པོ་ཞིག་བཞེངས་ཡོད་པ་དང་། ༼ཨ་ཀྱཱ་སྤྲུལ་སྐུ་བློ་བཟང་འཇམ་དབྱངས་རྒྱ་མཚོས་མཛད་པའི་མཆོད་རྟེན་དཀར་ཆག་རབ་གསལ་མེ་ལོང་མཆོད་རྟེན་འདིའི་དཀར་ཆག་ཡིན་ནམ་སྙམ། ༽ ལུང་མདོའི་གཡས་ཕྱོགས་ཀྱི་རི་རྩ་ན་སེང་གེ་རི་ཁྲོད་ཀྱི་ཆུ་མགོ་ཡོད། སྤྱི་ལོ་༡༩༥༨ལོའི་སྐབས་སུ་སེང་གེ་རི་ཁྲོད་དུ་དགེ་སློང་དོན་འགྲུབ་ཚེ་བརྟན་དང་། ཁོང་གི་སྤུན་ཆུང་བ་དགེ་འདུན་ཡར་འཕེལ། གྲམ་དཀར་གྲོང་སྡེའི་དགེ་སློང་བློ་བཟང་སྦྱིན་པ། གྲམ་དཀར་བློ་བཟང་འོད་ཟེར། དྲེད་ཁོག་ཕྱག་མཛོད་བློ་བཟང་ཚུལ་ཁྲིམས་སོགས་དགེ་འདུན་པ་བཅུ་ཕྲག་ལྷག་ཡོད་པར་བཤད་ལ། ལོ་དེའི་ཧོར་ཟླ་དགུ་བའི་ཚེས་ནས་སེང་གེ་རི་ཁྲོད་ཀྱི་དྲེད་ཁོག་ཕྱག་མཛོད་འཛིན་བཟུང་བྱས་ཏེ་ཟི་ལིང་བཙོན་ཁང་དུ་ཁྲིད་ཅིང་། གྲྭ་བ་ལྷག་མ་རྣམས་རང་གི་ཕ་ཡུལ་དུ་འགྲོ་རུ་བཅུག འདུ་ཁང་དང་གྲྭ་ཤག་རྣམས་གྲམ་དཀར་གྲོང་སྡེས་གཏོར་བཤིག་བྱས་ནས་ཡོད་ཚད་ཤུལ་མེད་དུ་བཏང་ངོ་། །

     མཆན། སེང་གེ་རི་ཁྲོད་ཀྱི་རྒྱབ་རི་དང་དེའི་ཉེ་འཁོར་ལ་ཁང་ཆེན་ཞེས་འབོད་པ་དང་། སེང་གེ་རི་ཁྲོད་དང་མྰ་ཀྱཱ་རི་ཁྲོད་སོགས་ཀྱི་ཐང་གཞོང་དེ་ལ་གྲམ་དཀར་ཐང་དང་། སེང་གེ་རི་ཁྲོད་དང་འདབས་འབྲེལ་བའི་གྲོང་སྡེའི་མིང་ལ་གྲམ་པ་དཀར་བོ་ཟེར། ༼དེང་སང་པཎ་ཆེན་ཁུག་ཅེས་འབོད༽ ཤིང་བཟའི་རྣམ་ཐར་ཀུན་བཟང་སྤྱོད་ཚུལ་གསལ་བའི་མེ་ལོང་ན། ཐང་གཞོང་དེ་ལ་གྲམ་པ་ཐང་ཞེས་བྲིས་ཡོད། ཁང་ཆེན་ཞེས་པའི་ས་མིང་གི་སྒྲ་གདངས་ཉམས་ནས་ཁང་ཁྲིན་ཞེས་འབོད་སྟངས་ཆགས་པར་མངོན། ཀླུ་འབུམ་ཚོ་བའི་ནང་ཚན་ཁང་ཁྲིན་གྲོང་སྡེ་ཞེས་པའི་མིང་དེ་ཡང་དོན་གྱི་ཁང་ཆེན་ཞེས་པའི་སྒྲ་ཟུར་ཆག་པར་སྙམ། རོང་བོ་གྲུབ་ཆེན་ཤར་སྐལ་ལྡན་རྒྱ་མཚོའི་རྣམ་ཐར་དང་། མཁས་དབང་ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན། སུམ་པ་ཡེ་ཤེས་དཔལ་འབྱོར་སོགས་ཀྱིས་ཀྱང་ཁང་ཆེན་ཞེས་པའི་ཡི་གེ་འདི་བྲིས་ཡོད། ཐོག་མར་དབེན་གནས་སེང་གེ་རྫོང་ངམ་ཡོངས་གྲགས་སུ་སེང་གེ་རི་ཁྲོད་ཅེས་འབོད་ཅིང་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་སོགས་སུ་སེང་གེ་ར་བའི་རི་ཁྲོད་ཅེས་བྲིས་པའང་ཡོད་དོ།། ཅེས་སེང་གེ་རི་ཁྲོད་ཀྱི་ལོ་རྒྱུས་འདི་ནི་མཁས་དབང་ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་སེང་གེ་མཁར་གྱི་སྒྲུབ་སྡེ་དགེ་འཕེལ་ཆོས་འཁོར་གླིང་གི་གཙུག་ལག་ཁང་གི་དཀར་ཆག་ཅིག་ཡོད་པ་གཞིར་བཟུང་ཞིང་རྣམ་ཐར་དང་ལོ་རྒྱུས་གཞན་དག་ལས་ཅུང་ཟད་བཏུས་ཏེ་སངས་རྒྱས་རྒྱ་མཚོས་རབ་གནས་ས་ཁྱི་སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་ཧོར་ཟླ་བཞི་བའི་ནང་བསྒྲིགས་པའོ། །


  • ལེ་ཚན་སྔོན་མ།:ཁམས་ལི་ཐང་མ་ལ་སྟོད་ཇ་འགོ་རྫོང་གི་ལོ་རྒྱུས་མདོར་བསྡུས།
  • ལེ་ཚན་རྗེས་མ།:བྲག་བར་བཻ་རོའི་རྡོ་གུར་སྒྲུབ་ཕུག