ལི་ཐང་གཟིམ་ཁང་ཚང་གི་ལོ་རྒྱུས།

གཟིམ་ཁང་བཀྲ་ཤིས།        2019-01-26

ལི་ཐང་གཟིམ་ཁང་ཚང་གི་ལོ་རྒྱུས།


གཟིམ་ཁང་འདི་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་འཁྲུངས་གནས་ཡིན་ཏེ། སྤྱི་ལོ༡༧༠༨ལོའི་ཟླ༧ཚེས༡༣ཉིན་སྟེ་གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཉིན་མོར་ཁམས་ལི་ཐང་བདེ་ལྡན་སྐྱིད་པའི་ཀུན་དགའ་ར་བ་རུ་མཚེ་མ་ཞེས་འབོད་པའི་གྲོང་དུ་ཤིན་ཏུ་ངོ་མཚར་བའི་ལྟས་ཡ་མཚན་ཅན་དུ་མ་བྱུང་། འཇའ་ཚོན་སྣ་ལྔས་གུར་ཁྱིམ་ཕུབ་པ་དང་བྱ་རིགས་སྣ་ཚོགས་ཀྱིས་སྐད་སྙན་སྒྲོག་པ། ལ་ལུང་ཀུན་ཏུ་སྐལ་བཟང་མེ་ཏོག་འཁྲུངས་པ་སོགས་བཟང་པོའི་རྟགས་མཚན་དུ་མས་ཁྱབ་པའི་ཚེ་ན་འཕགས་མཆོག་སྤྱན་རས་གཟིགས་དབང་མི་ཡི་ཤ་ཚུགས་སུ་བཞེས་པ་རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་དགེ་བཅུ་འབར་བའི་ཡུལ་གྲོང་འདི་རུ་སྐུ་བལྟམས། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཕྱོགས་གང་དུ་སྐུ་ཡི་སྤྲུལ་པ་སྣ་ཚོགས་སུ་བསྟན་དུས་མི་མིན་ལྷ་ཀླུ་དང་གཞི་བདག་སོགས་དཀར་ཕྱོགས་ལ་སྤྲོ་བ་རྣམས་ཤིན་ཏུ་ཐུགས་མཉེས་ནས་དགའ་བསུ་ཡི་ཚུལ་དུ་མཚན་བཟང་གི་ལྟས་ལེགས་པོ་གང་མང་ཞིག་འབུལ་གྱི་ཡོད་ལ། རྒྱལ་བ་བསྐལ་བཟང་རྒྱ་མཚོ་མཆོག་གཟིམ་ཁང་ཚང་ལ་འཁྲུངས་པའི་ཉིན་མོ་དེར་ཁང་པའི་དཀྱིལ་ཀ་ནས་སེང་གེའི་འོ་མ་རང་ཤར་དུ་འབབ་པའི་བཀྲ་ཤིས་ཀྱི་ལྟས་བཟང་པོ་ཤར་བ་དེ་དེང་སང་ཡང་སྐལ་ལྡན་གྱི་ཞིང་དུ་མངོན་སུམ་དུ་མཇལ་ཆོག་པ་ཡོད་ལ། མ་ཚད་ཁྱིམ་གྱི་ཆུ་ཟོམ་གྱི་བཏུང་ཆུ་ཡང་དཀར་པོ་འོ་མ་རུ་གྱུར་བ་དང་། འོ་མ་འབབ་པའི་ཀ་རྡོའི་ངོས་སུ་མ་བརྐོས་རང་བྱུང་དུ་ཤར་བའི་ཡི་གེ་དང་མཆོད་ཆ། ཡི་དམ་གྱི་ཕྱག་མཚན་སོགས་མངོན་སུམ་དོད་པ་ཡིད་སྤྲོ་བ་ཞིག་ཏུ་མཇལ་ཆོག་པ་ཡོད། ཆེས་ཡ་མཚན་ཆེ་བའི་རང་བྱུང་གི་མཚན་མ་འདི་དག་དེང་སང་ཡང་མཇལ་ཆོག་ཆོག་ཡོད་པས་བསོད་ནམས་མ་དམན་པའི་ཚུལ་དུ་སེམས་ནས་དད་པ་བཅངས་ན་བྱིན་རླབས་དང་དངོས་གྲུབ་འབེབས་པར་གདོན་མི་ཟའོ།། གཟིམ་ཁང་གི་ཁང་རྙིང་འདི་དུས་རབས་བཅུ་དྲུག་པའི་དཀྱིལ་ཙམ་དུ་བསྐྲུན་པ་ཡིན་ཞིང་། ད་བར་དུ་ལོ་ངོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ཡོད། བཟོ་རྩལ་གྱི་ཐད་དུ་བོད་དང་འཇང་གི་ཁང་བཟོ་ཡི་ཁྱད་ཆོས་ཐུན་མིན་སྦྲེལ་ནས་བཟོས་ཡོད།བོད་ཡུལ་གྱི་ཁང་བཟོའི་ལག་རྩལ་ལ་ཞིབ་འཇུག་གི་རིན་ཐང་རྒྱ་ཆེན་ལྡན། གཟིམ་ཁང་འདི་རུ་སྔ་ཕྱིར་བླ་མ་དམ་པ་བཅུ་གསུམ་ཙམ་སྐུ་སྐྱེ་བཞེས་མྱོང་ཡོད་ལ། དེའི་ཁྲོད་དུ་བོད་ཡོངས་སུ་སྐད་གྲགས་ཆེ་བའི་བླ་ཆེན་བདུན་བཞུགས། དང་པོ་རྒྱལ་བ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ། གཉིས་པ་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་གསུམ་པ་ཡེ་ཤེས་བསྟན་པའི་ཉི་མ། ཁོང་ནི་ཡབ་བསྟན་འཛིན་མགོན་པོ་དང་ཡུམ་ནོར་འཛིན་དབང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ས་སྟག་སྤྱི་ལོ༼ 1758༽ ལོར་འཁྲུངས་པ་དང༼ 1774༽ ལོར་སྐུ་མྱ་ངན་ལས་འདས་སོ།། གསུམ་པ་ཆབ་མདོ་འཕགས་པ་ལྷ་སྐུ་ཕྲེང་བདུན་པ་འགྱུར་མེད་བསྟན་པའི་མགོན་པོ་ནི་སྤྱི་ལོ༼ 1755༽ ལོར་ཡབ་ཨ་བརྟན་མགོན་པོ་དང་ཡུམ་སྒྲོལ་མ་འཕེལ་གཉིས་ཀྱི་སྲས་སུ་འཁྲུངས། ༼ 1761༽ ལོར་ལྷ་སར་ཕེབས་ཏེ་ཆབ་མདོ་བྱམས་པ་གླིང་གསེར་ཁྲི་རུ་མངའ་གསོལ་གནང་། བཞི་པ་ཆབ་མདོ་ཞི་བ་ལྷ་ཡེ་ཤེས་འགྱུར་མེད་དཔལ་ལྡན་བསྟན་པའི་མགོན་པོ་མཆོག་ནི་ཡབ་སྐལ་བཟང་རྡོ་རྗེ་དང་ཡུམ་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས།ལྔ་པ་བྲག་གཡབ་སྐྱབས་མགོན་བློ་ལྡན་ཤེས་རབ་མཆོག་ནི༼ 1802༽ ལོར་ཡབ་གུ་རུ་ཆོས་གྲགས་དང་ཡུམ་ལྷ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། དྲུག་པ་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་ལྔ་པ་མཆོག་ནི༼ 1893༽ ལོར་ཡབ་མགོན་པོ་དོན་འགྲུབ་དང་ཡུམ་ཀླུ་མོ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས།བདུན་པ་རྡོ་རིང་སྤྲུལ་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་ནི༼ 1757༽ ལོ་ཡབ་ལྷུན་འགྲུབ་དང་ཡུམ་སྨན་བླ་སྐྱབས་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། དགུང་ལོ་བཅུ་གསུམ་ཐོག་དབུས་ཕྱོགས་སུ་བྱོན་ཏེ་འབྲས་སྤུངས་སུ་ཆོས་ཕྱོགས་ཀྱི་སློབ་གཉེར་གནང་བ་དང་། ལི་ཐང་དགོན་པའི་མཁན་རབས་སོ་གཉིས་པ་མཛད་པས་བོད་དང་སོག་ཡུལ་དུའང་སྙན་པའི་གྲགས་པ་འབར། འདི་ལྟ་བུའི་དུད་ཁྱིམ་ནི་ས་ཕྱོགས་གང་དུའང་མཐོང་དུ་མེད་པས་དད་ལྡན་ཕོ་མོ་ཡོངས་ཀྱི་སྨོན་ལམ་དང་གསོལ་བ་འབུལ་ཡུལ་བྱིན་རླབས་དང་དངོས་གྲུབ་རྙེད་པའི་གནས་ཆེན་ཞིག་ཏུ་གྱུར་ནས་ཡོད། གཟིམ་ཁང་གི་ནང་རྟེན་གཙོ་བོ་ལ་རྒྱལ་བ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ཉིད་ནས་དགོང་ལོ་ཉེར་གཅིག་ཐོག་དངོས་སུ་བཞེངས་པའི་བསྐལ་བཟང་ང་འདྲ་མ། སྤྱི་ལོ༼ ༡༧༢༩༽ ལོར་གནས་མཆོག་མི་ཉག་མགར་ཐར་དགོན་ནས་ལི་ཐང་དུ་གདན་འདྲེན་ཞུས། རབ་གནས་ཀྱི་སྐབས་སུ་བསྐལ་བཟང་ང་འདྲ་མའི་དབུ་ཐོད་དུ་ཀ་ཡིག་ཞིག་རང་བྱོན་དུ་ཤར་ཡོད། ངོ་མཚར་ཆེ་བའི་རང་བྱོན་འདི་དེང་སང་ཡང་དད་ལྡན་ཕོ་མོ་ཡོངས་ཀྱི་མིག་ལམ་དུ་མཇལ་དུ་ཡོད།  དེ་མིན་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་ན་བཟའ་དང་མཆོད་རྫས། ཕྱག་དཔེ། མེ་ལུང་བཅས་བཞུགས།  ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གིས་གནང་བའི་ཚེ་ལྷ་རྣམ་གསུམ་གྱི་ཐང་ག་དང་སྟོན་པའི་གསེར་སྐུ། དཀར་ཡོལ་བཅས་མཇལ་རྒྱུ་ཡོད་དོ།།

ལི་ཐང་གཟིམ་ཁང་ཚང་གི་ལོ་རྒྱུས།

རྩོམ་སྒྲིག་པ། མགར་རྒྱལ་སྲས། 


  • ལེ་ཚན་སྔོན་མ།:ཁམས་བྲག་མགོ་རྫོང་རྡོའི་རོ་སྒམ་རིག་གནས་ལ་ཅུང་ཙམ་དཔྱད་པ།
  • ལེ་ཚན་རྗེས་མ།:ངོ་མཚར་གསུམ།