སྨིན་དབུས་པོ། 2019-02-19
འདིར་མདོ་ཁམས་ཚ་བ་རོང་དུ་བཞུགས་པའི་བོད་ཀྱི་ལྷ་སྐལ། ཁྲོ་སྐྱབས་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གྱི་ངོ་སྤྲོད་གོ་ཐོས་ལྟར་ཉུང་ངུར་ཞུ་ན། དེ་ཡང་བོད་བསིལ་ལྡན་གྱི་ལྗོངས་འདི་ནི་སྤྱིར་ན་འཕགས་མཆོག་སྤྱན་རས་གཟིག་ཀྱི་སྤྲུལ་བ་ཕ་སྤྲེལ་སྒོམ་བྱང་ཆུབ་སེམས་དཔའ་དང་། འཕགས་མ་ཁྲོ་གཉེར་ཅན་གྱི་སྤྲུལ་བ་བྲག་གི་སྲིན་མོ་ཟུང་ལས་ཆད་ཅེས་བོད་མི་རིགས་བྱུང་འཕེལ་གྱི་རྩ་བར་ངོས་འཛིན་པ་དང་། རྗེ་རྒྱལ་བཙན་པོ་རིམ་བྱོན་ཡང་འཕགས་མཆོག་གི་སྤྲུལ་བ་དང་། བྱིན་གྱིས་རླབས་པའི་ཐུགས་སྲས་ཁོ་ནར་ངོས་འཛིན་པ་སོགས། མདོར་ན་གངས་རིའི་ལྗོངས་ཆེན་སྟོད་སྨད་བར་གསུམ་པོ་འཕགས་པ་འཇིག་རྟེན་དབང་ཕྱུག་གི་གདུལ་ཞིང་ཡིན་པའི་འདུན་པ་བསྒྱུར་དུ་མེད་པ་མི་རིགས་རང་གི་ཤ་གསེང་རུས་གསེང་དུ་ཏིལ་ལ་སྣུམ་གྱིས་ཟིན་པ་ལྟར་ཁྱབ་ཡོད་པའི་དབང་གིས། བོད་ཀྱི་བྱིས་པར་བསླབས་མི་དགོས་པར་ཨ་མ་འབོད་ཤེས་པ་དང་མ་ཎི་མཉམ་དུ་འདོན་ཤེས་པ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་བདེན་མཐུ་ཡིན་ཞེས་ཡོངས་སུ་གྲགས་ཡོད་པ་ནང་བཞིན། སྐབས་དང་སྐབས་སུ་འཕགས་མཆོག་སྙིང་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་སྤྲུལ་བས་གང་ལ་གང་འདུལ་གྱིས་ལྗོངས་ཆེན་པོ་འདིའི་གདུལ་བྱ་སྤྱིའི་འདི་དང་ཕྱི་མའི་བདེ་སྡུག་བསྐྱངས་དང་སྐྱོང་བ་ཡིན་ལ།
དེ་བཞིན་དུ་བོད་ཆེན་པོའི་སྟོད་སྨད་བར་གསུམ་གྱི་གངས་རྫ་བྲག་གསུམ། ཆུ་དང་ཤིང་སོགས་ལ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་བྱིན་གྱིས་རླབས་པ་དང་། འཕགས་མཆོག་གི་སྐུ་གསུང་ཐུགས་གསུམ་གྱི་དེ་ཉིད་མཚོན་པའི་དད་རྟེན་དཔག་ཏུ་མེད་པ་བཞུགས་ཤིང་། དེ་དག་ལ་གུས་ཕྱག་མཆོད་འབུལ་དང་གསོལ་འདེབས་སྐྱབས་འཇུག་ཞུ་རྒྱུ་མི་རིགས་ཀྱི་གོམས་གཤིས་ཤིག་ཏུ་ཆགས་ཡོད་ལ། གང་ལ་མོས་པ་གཙོར་བྱས་པ། ། དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་རྒྱལ་གསུང་དྲི་མ་མེད་པའི་བདེན་ཚིག་ལྟར་འཕགས་པའི་གནས་ཆེན་དང་། སྐུ་གསུང་ཐུགས་ཀྱི་རྟེན་གསུམ་ལ་བྱིན་རླབས་ཀྱི་བདེ་དྲོད་འབར་ཞིང་། གང་ཟག་རང་རང་གི་དབང་པོའི་སྐལ་བ་དང་འཚམ་པའི་རྟགས་མཚན་མངོན་གསུམ་དུ་སྣང་བའི་རང་བྱོན་ལྷུན་གྲུབ་ཀྱི་རྟེན་སྐལ་དཔག་ཏུ་མེད་པ་བཞུགས་པའི་ནང་ཚན། བོད་མདོ་ཁམས་རྒྱལ་རོང་ཁྲོ་སྐྱབས་དགུ་གདོང་གནས་ཀྱི་འཕགས་མཆོག་ཕྱག་ན་པདྨོ་རང་བྱུང་ལྔ་ལྡན་གྱི་རྟེན་མཆོག་ནི། བོད་ཡུལ་སྟོད་སྨད་བར་གསུམ་གྱི་རྟེན་མཆོག་གཞན་དག་ལས་བྱིན་རླབས་ཆེ་ཤོས་ཤིག་ཏུ་བརྩི་བ་ཞིག་ཡིན་ལ། གནའ་མིའི་ངག་རྒྱུན་དུ། ཁྲོ་སྐྱབས་ཐུགས་ཆེན་མ་མཇལ་ན། ། ལྷ་སའི་ཇོ་བོར་མཇལ་ཅི་ཕན། ། ཟེར་བའི་ཚད་དུ་འཇོག་པའི་འཕགས་མཆོག་སྤྱན་རས་གཟིགས་ཕྱག་བཞི་བའི་སྐུ་གཟུགས་རང་བྱོན་དེ་ཉིད།
དང་པོ་ཚུལ་ཇི་ལྟར་བྱུང་བའི་ངག་རྒྱུན་རྣམ་ཐར་ལ་བཤད་ཚུལ་དུ་མ་ཞིག་ཡོད་པ་ལས། བོད་ཁམས་སྤྱི་ལ་ངག་རྒྱུན་རྒྱུག་ཆེ་བ་ནི། བོད་ཀྱི་ལྷ་བཙན་པོ་སྲོང་བཙན་སྒམ་པོའི་ཐུགས་དམ་གྱི་རྟེན་མཆོག་རྒྱུ་བྱེ་མ་ཨ་ཀྲོང་བྱ་བས་གྲུབ་པའི་སྤྱན་རས་གཟིགས་ཕྱག་བཞི་བའི་སྐུ་བརྙན་འདི་ཉིད་ལ། བཙན་པོ་རྒྱལ་བློན་གྱིས་རབ་གནས་དང་། ཕྱག་མཆོད་བྱིན་འབེབས་གསོལ་འདེབས་མང་དུ་མཛད་པའི་སྐབས་ཤིག་ན། བོད་ཀྱི་ལྷ་བཙན་པོའི་ཐུགས་བསྐྱེད་དང་འཕགས་པའི་བྱིན་རླབས་མཐུ་བཙན་པོས། འཕགས་མཆོག་སྙིང་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་བྱིན་རླབས་གཅིག་ཏུ་རྫོགས་པའི་མཐོང་གྲོལ་ལྔ་ལྡན་རིན་པོ་ཆེའི་སྐུ་ལས་འོད་ཟེར་མུ་མཐའ་མེད་པ་ཕྱོགས་སོ་སོར་འཕྲོས་ཏེ། འགྲོ་བ་དཔག་ཏུ་མེད་པའི་དོན་མཛད་པ་དང་འོད་ཟེར་ཚུར་འདུས་ནས་བོད་ཀྱི་རྒྱལ་བློན་རྣམས་ལ་ཐོས་གྲོལ་གྱི་གསུང་གིས་གནས་སྐབས་སུ་སྤྲུལ་བའི་འགྲོ་དོན་ཀླུ་ཡུལ་དུ་ཡོད་པ་དང་། མ་འོངས་པར་སླར་ཡང་སྤྲེལ་ཚ་བོད་ཀྱི་གསོས་སུ་འབྱོན་པར་དངོས་སུ་ལུང་བསྟན་ནས་(བཤད་ཚུལ་གཞན་ཞིག་ནི་སྐུའི་ཞལ་ནས། ང་ནི་རིགས་དྲུག་འདུལ་བའི་དཔའ་བོ་ཆེ། །བོད་ཁམས་སྲིན་པོ་འདྲ་བའི་ཡང་མཐའ་ན། །ཡི་དྭགས་པྲེ་ཏ་འདྲ་བའི་གྲོང་ཁྱེར་དབུས། །དུས་ལ་བབས་ཚེ་ང་ཉིད་འགྲོ་ཞེས་གསུངས། །ཞེས་གསུངས་ནས་མི་སྣང་བར་གྱུར་བ་དང་གཞན་ཡང་། གྲུ་འཛིན་གཉིས་པ་འཕགས་པའི་ཞིང་ཁམས་སུ། །ཕྱི་རབས་རྣམས་ཀྱི་དོན་དུ་གཏེར་འདི་སྦས། །ཞེས་བློན་པོ་མགར་དམ་པས་ཕྱི་རབས་བོད་ཀྱི་དོན་དུ་གཏེར་དུ་སྦས་པ་རེད་ཅེས་པའི་བཤད་སྲོལ་སོགས་མང)མི་སྣང་བར་གྱུར་ཏེ་འོག་ཕྱོགས་ཀླུ་ཡུལ་དུ་འགྲོ་བའི་དོན་ཡུན་རིང་བོར་མཛད་མཐར། སླར་ཡང་བོད་ཁ་བ་ཅན་གྱི་དོན་དུ་རང་བྱོན་གྱི་ཚུལ་གྱིས་ཚ་བ་རོང་གི་གནས་འདིར་འཁྲུངས་པ་ཡིན་པའི་ལོ་རྒྱུས་ངག་རྒྱུན་མངའ།
གཉིས་པ་འཕགས་མཆོག་གི་གདུལ་བྱའི་ཞིང་གི་སྙིང་པོར་གྱུར་བ། ཡེ་ཤེས་སྤྱན་ལྡན་ལོ་ཆེན་བེེ་རོ་ཡབ་སྲས་ཀྱིས་དངོས་སུ་ལན་དུ་མར་ཞབས་བཅག་བྱིན་གྱིས་རླབས་པ་དང་། རྒྱལ་བའི་དབང་པོ་ཨོ་རྒྱན་སངས་རྒྱས་གཉིས་པ་སོགས་རྒྱ་བོད་གྲུབ་པའི་རིག་འཛིན་དུ་མ་རྫུ་འཕྲུལ་གྱིས་ལན་དུ་མར་ཕེབས་མྱོང་བའི་གནས་རི། ཁོར་ཡུག་རི་ཆེན་དྲུག་གི་གཙོ་བོ། རིག་གསུམ་རྒྱལ་བའི་གནས་ཆེན་རྩེ་མོར་རིགས་ལྔའི་ཕོ་བྲང་དང་། སྐེད་པར་འཕགས་མཆོག་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་མཚན་ཉིད་ཡོངས་སུ་རྫོགས་པ། རྩ་བ་གཤིན་རྗེ་ཕོ་མོའི་གྲོང་ཁྱེར་གྱི་ཚུལ་དུ་ཆགས་པའི་མདོ་ཁམས་ཚ་བ་རོང་གི་དགུ་གདོང་གནས་འདིར་ཚུལ་ཇི་ལྟར་རང་བྱོན་དུ་འཁྲུངས་པའི་ངག་རྒྱུན་ནི། དེ་ཡང་སྔ་མོའི་དུས་ཤིག་ན་སྤྲུལ་བའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཡེ་ཤེས་སྒྱུ་མའི་སྐུས་རྗེས་སུ་བཟུང་བའི་རྒྱལ་རོང་བླ་མ་ཤེས་རབ་རྒྱལ་མཚན་ཞེས་སྦས་པའི་རྣལ་འབྱོར་བ་ཞིག སྔ་འགྱུར་བསྟན་པའི་གདན་ས་ཐུབ་བསྟན་རྡོ་རྗེ་བྲག་ཏུ་སློབ་གཉེར་དུ་ཕེབས་ཚུལ་གནང་ཞིང་ ། བླ་མ་བཀྲ་ཤིས་རྡོ་རྗེ་ཞུ་བ་ཞིག་དགེ་བའི་གཤེས་གཉེན་དུ་བསྟེན་ནས་ཡུན་རིང་ལ་བཞུགས་མཐར། བླ་མའི་གསང་གསུམ་གྱི་བྱིན་རླབས་ཐུགས་ལ་ཡོངས་སུ་འཕོས་ཏེ་རྟོགས་པའི་ས་མཐོར་གཤེགས། མཐར་བླ་མས་ཤེས་རབ་རྒྱལ་མཚན་ལ། ད་ནི་ཁྱེད་རང་གི་འགྲོ་དོན་ཕ་ཡུལ་ཕྱོགས་སུ་རྒྱས་རན་ཚུལ་མང་དུ་གསུངས་ནས། སྤྲུལ་བའི་གླང་གཅིག་ལ་རྒྱལ་གསུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་གྱི་ཆོས་སྐལ་ཞིག་བཀལ་བ་གནང་སྟེ། ཁྱེད་ཉིད་ཕ་ཡུལ་ཕྱོགས་ཀྱི་རི་(བཤད་ཚུལ་གཞན་ཞིག་ནི། བླ་མ་ཤེས་རབ་རྒྱལ་མཚན་ཞུ་བ་དེ་དང་པོ་ཚ་རོང་མིན་མོད། བླ་མས་ལུང་བསྟན་ནས་མདོ་ཁམས་སུ་མངག་པས། རྗེས་སུ་ཚ་རོང་བླ་མ་ཐོག་པ་ཡིན་ཟེར་སྲོལ་ཡང་འདུག གང་ལྟར་བླ་མ་དེ་དུས་རབས་ནམ་ཙམ་ཞིག་ལ་བྱོན་པ་ཡིན་སོགས་ལོ་རྒྱུས་ཞིབ་རྒྱས་ཤིག་ནི་སུ་ལ་ཡང་ཤོད་རྒྱུ་ཡོད་པར་མ་ཐོས་སོ། །)བོ་དྲུག་འདུས་ཤིང་། ཀླུའི་མིང་ལ་འཕགས་མའི་སྒྱུ་འཕྲུལ་འཁྲུངས་པའི་ཕྱོགས་སུ་ཕེབས་དང་། གླང་འདི་གང་དུ་ཉལ་བའི་ཕྱོགས་ནས་བོད་ཁ་བ་ཅན་གྱི་ཡི་དམ་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་ཞིག་འབྱུང་སྟེ་འགྲོ་བ་དྲུག་ལ་ཕན་པའི་དཔག་ཏུ་མེད་པ་འབྱེད་པར་འགྱུར་རོ་ཞེས་ལུང་བསྟན་ནས་མངག་པ་བཞིན། བླ་མ་ཤེས་རབ་རྒྱལ་མཚན་མཆོག་མདོ་ཁམས་རྒྱལ་རོང་གི་ད་ལྟའི་དགུ་གདོང་དགོན་པའི་སར་ཕེབས་སྐབས། གླང་བུ་དེར་ཉལ་ནས་འགྲོ་ཁ་མ་ཉན་པས་ཉིན་བདུན་ལ་བསྡད་ཀྱང་གླང་བུ་ཡར་ཡེ་ལང་ཁ་མ་ཉན་སྐབས། བླ་མ་ཤེས་རབ་རྒྱལ་མཚན་གྱིས་རང་གི་རྩ་བའི་བླ་མའི་ལུང་བསྟན་དུས་སུ་བབས་པ་ཤེས་ཏེ་རབ་ཏུ་སྤྲོ་ནས་བཞུགས་སྐབས། གནས་ཀྱི་སྟེང་ཕྱོགས་སུ་ཀླུ་འཁྱིལ་ཚང་ཟེར་བའི་མི་ཁྱིམ་ཕྱུག་པོ་ཞིག་འདུག་པས་བླ་མ་ཤེས་རབ་རྒྱལ་མཚན་ཡར་གདན་དྲངས། གླང་བུ་ཡང་ཡར་ལངས་པ་དང་། ཉིན་འགའི་རྗེས་སུ་གླང་བུ་ཀླུ་འཁྱིལ་ཚང་གི་ས་ཞིང་ནང་དུ་གཤེགས་པའི་ཚུལ་མཛད། ཕྱིས་སུ་སྤྲུལ་བའི་གླང་བུ་གཤེགས་ཚུལ་མཛད་ས་དེ་ནས་ཀླུ་འཁྱིལ་ཚང་གི་བུ་ཐ་ཆུང་གིས་ཞིང་ས་སློག་སྐབས། ཐོང་གཤོལ་སོ་ཇོ་བོ་ཐུགས་རྗེ་ཆེན་པོའི་དབུ་ལ་ཐོགས་པའི་ཚུལ་གྱི་བྱུང་བར་མ་ཟད། ཨ་ཙ་མ་ཞེས་གསུངས་འབྱོན་པ་ན། བུ་དེ་ཤིན་ཏུ་སྐྲག་པ་དང་ངོ་མཚར་ཟུང་དུ་སྐྱེས་ནས་བལྟས་ཚེ། ཇོ་བོའི་སྐུ་སྟོད་ཡོངས་སུ་མཇལ་བས་བུ་ཁྱིམ་ཏུ་རྒྱུགས་ཏེ་རྒྱུ་མཚན་བཤད་པ་ན། བླ་མ་ཤེས་རབ་རྒྱལ་མཚན་ཐུགས་ཤིན་ཏུ་དགྱེས་ཏེ་མྱུར་ཕེབས་ཀྱིས་མཇལ་ཕྱག་དང་བཅས་ཇོ་བོའི་སྐུ་ཡོངས་ས་འོག་ཡར་ལེན་ཐབས་བྱས་ཀྱང་གཞི་ནས་ལེན་མ་ཐུབ། དེར་ཀླུ་འཁྱིལ་ཚང་གི་བུ་མོ་ལོ་ན་བཅུ་གསུམ་ལོན་པ་ལན་བུ་གཡས་སུ་འཁྱིལ་བ་ཞིག་ཡོད་པ་དེ་ལ། དེ་ལ་ཐབས་ཡོད་དམ་དྲིས་པས་བུ་མོ་མགོ་བོ་ལྡེམ་ལྡེམ་བྱས་ཤིང་མོས་ཇོ་བོའི་སྐུ་ལ་ཁྲུས་གསོལ་དང་མེ་ཏོག་གཏོར། གསོལ་བ་འདེབས་པའི་ཚུལ་བྱས་ཚེ། ཇོ་བོ་ཐུགས་རྗེ་ཆེན་པོའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཤིང་ནམ་མཁའ་ནས་འཇའ་གུར་དང་མེ་ཏོག་གི་ཆར་བབས། རང་བྱུང་གིས་ཡི་གེ་དྲུག་མའི་ཆོས་སྒྲ་དང་ལྷའི་རོལ་དབྱངས་དུ་མ་འུ་རུ་རུ་གྲགས་པས་གནས་དེའི་མིང་ལ་ཡང་འུར་འུར་ཞེས་གྲགས་ཟེར། སྔོན་རྡོ་རྗེ་བྲག་ནས་ལུང་བསྟན་པའི་རི་བོ་དྲུག་གི་གནས་དང་། ཀླུའི་མིང་ཀླུ་འཁྱིལ་ཚང་དང་། འཕགས་མའི་སྒྱུ་འཕྲུལ་ནི་ཀླུ་འཁྱིལ་ཚང་གི་བུ་མོ་ལོ་བཅུ་གསུམ་དེ་སོགས་རེ་རེ་བཞིན་འཁྲུལ་མེད་དུ་ཐུག་སྐད། དེར་བླ་མ་ཤེས་རབ་རྒྱལ་མཚན་གྱིས་ཇོ་བོ་ཐུགས་རྗེ་ཆེན་པོར་གསོལ་འདེབས་རབ་གནས་རྟེན་བཞུགས་བཅས། ཡར་ཁྲི་སྟེགས་སུ་བཀོད་དེ་གདུགས་ཕུབ་པ་དང་མཆོད་པ་ཕུལ། དེ་ནས་བཟུང་ཇོ་བོ་ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་འདི་ཉིད་བོད་ཆེན་པོའི་བསོད་ནམས་ཀྱི་རྟེན་སྐལ་དུ་དངོས་སུ་བཞུགས་པ་དང་། ཁྲོ་སྐྱབས་རྒྱལ་བློན་རིམ་བྱུང་གིས་ཇོ་ཁང་བཞེངས་པ་སོགས་ཞབས་ཏོག་ཞུས་ཤིང་། ཚ་རོང་རྒྱལ་ཁག་བཅོ་བརྒྱད་གཙོའི་བོད་མདོ་ཁམས་ཕྱོགས་ཀྱི་རྟེན་མཆོག་ཡི་དམ་གཅིག་ཆོག་ཏུ་བསྐུར། འཕགས་མཆོག་མཐོང་གྲོལ་གྱི་སྐུ་ཡིས་འགྲོ་ཁམས་སྤྱི་དང་ཁ་བ་ཅན་དུ་འགྲོ་དོན་མཐའ་ཡས་པ་ད་ལྟའི་བར་རྒྱས་ཤིང་། ཡུལ་གངས་རིའི་ལྗོངས་སུ་ཆར་ཆུ་དུས་འབབ་དང་། ལོ་ཕྱུག་རྟག་ལེགས་སོགས་འདི་དང་ཕྱི་མའི་དཔལ་ཕུན་སུམ་ཚོགས་པ་མཐའ་དག་གི་དཔྱིད་དུ་ལྷམ་མེར་བཞུགས། བླ་མ་ཤེས་རབ་རྒྱལ་མཚན་གྱིས་དགུ་གདུང་དགོན་པ་བཏབ་ཏེ་རྒྱལ་རོང་རྒྱལ་ཁག་སྤྱིའི་མཆོད་གནས་སུ་གྱུར་བ་སོགས་འཕགས་པའི་བཞུགས་གནས་ཕྱོགས་སུ་དད་པས་ཐལ་མོ་ཙམ་སྦྱར་ན་ཡང་དོན་ཡོད་པར་འགྱུར་བའི་ཡུལ་དུ་བྱས། དེ་ནས་བཟུང་ཀླུ་འཁྱིལ་ཚང་གི་བླ་རབས་རིམ་བྱོན་དང་སྤྲུལ་བའི་སྐྱེས་ཆེན་བརྗོད་ལས་འདས་པས་ཇོ་བོ་ཆེན་པོའི་སྐུ་ལ་ཁྲུས་གསོལ་དང་རབ་གནས་སོགས་གསོལ་བ་བཏབ་ཏེ། གང་ཟག་དད་པ་ཅན་གྱིས་ཇོ་ཞལ་ལན་གཅིག་མཇལ་ཞིང་ཕྱི་སྐོར་དང་ནང་སྐོར་སོགས་མཛད་ན། ཚེ་རབས་དུ་མའི་སྡིག་པ་བྱང་ཞིང་ཕྱི་མར་ཐར་བའི་ས་བོན་རྒྱུད་ལ་ཐེབ་པར་ཐེ་ཚོམ་མི་དགོས་པའི་བདེན་བརྗོད་མང་དུ་གནང་། ཕྱིས་སུ་སློབ་དཔོན་བེེ་རོའི་སྒྱུ་འཕྲུལ་གྱི་སྐྱེས་བུ་ཞིག་གིས་ཇོ་ཁང་ལ་མི་འགྱུར་བདེ་ཆེན་གླིང་ཞེས་མཚན་གསོལ་བ་དང་། མདོ་མཁྱེན་རྩེ་ཡེ་ཤེས་རྡོ་རྗེ་གནས་མཇལ་དུ་ཕེབས་སྐབས་ཇོ་བོ་ཆེན་པོའི་ཞལ་འཛུམ་པ་དང་། གནས་རི་སྐུ་གསུམ་རྒྱལ་བའི་ཞིང་བཀོད་དུ་གནས་སྣང་འགྱུར་བའི་སྣང་ཚུལ་ནི་ཁོར་ཡུག་གི་སྐྱེ་བོ་མཆོག་དམན་ཀུན་ལ་ཐུན་མོང་དུ་བྱུང་བའི་ལོ་རྒྱུས་འདུག་པ་དང་། ཁྲི་ཆེན་གུང་ཐང་ཚང་དང་། དགའ་ལྡན་བྱང་རྩེ་མཁན་པོ། དཔལ་ཡུལ་མཆོག་སྤྲུལ་འཇམ་དཔལ་དགྱེས་པའི་རྡོ་རྗེ། པཎ་ཆེན་རིན་པོ་ཆེ་སོགས་རིས་བྲལ་དམ་པའི་སྐྱེས་བུ་རྣམས་ཕེབས་སྐབས་ཇོ་བོ་ཐུགས་རྗེ་ཆེན་པོའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པ་སོགས་བྱིན་རླབས་ངོ་མཚར་དཔག་ཏུ་མེད་པའི་རྣམ་ཐར་མངའ། གཞན་ཡང་གནས་འདི་ལ་ཕྱི་སྐོར་ལ་གཡས་སྐོར་གྱིས་ཕྱིན་ན། སློབ་དཔོན་བེེ་རོ་དང་གཡུ་སྒྲ་ཡབ་སྲས་ཀྱིས་གྲུབ་རྟགས་བསྟན་པའི་ཕྱག་རྗེས་ཞབས་རྗེས་དང་། ཡ་མཚན་པའི་གཤིན་རྗེ་ཐར་ཁུང་དང་། སྒྲུབ་ཕུག་ཆེ་ཆུང་སྣ་ཚོགས། གྲུབ་ཆུ་དང་སྨན་ཆུ། གྲུབ་པའི་སྐྱེས་བུ་སྐྱེས་བུ་དག་གིས་ཕྱག་མཛུབ་ཀྱིས་རྡོ་དང་བྲག་ལ་བྲིས་པའི་ཡིག་འབྲུ་སྣ་ཚོགས། གླིང་རྗེ་གེ་སར་རྒྱལ་བློན་གྱི་རྫུ་འཕྲུལ་གནང་ཤུལ་ཡིན་ཟེར་བ་སོགས་གང་ཟག་རང་ག་མས་མཐོང་ཡུལ་དུ་གྱུར་ཐུབ་པ་དུ་མ་མཇལ་རྒྱུ་ཡོད་པ་དང་། ཅུང་ཟད་ལས་སྒྲིབ་སྲབ་ཅིང་དག་པའི་སྣང་བ་ལ་དབང་ཐོབ་པ་དག་གི་སྣང་ངོར་གནས་འདིའི་ཕྱི་ནང་གསང་གསུམ་ན་རྒྱ་གར་བྱ་རྒོད་སྤུང་རི་དང་། རྒྱ་ནག་རི་བོ་རྩེ་ལྔའི་གནས་བཀོད་སོགས་ཚང་ཞིང་། སྟེང་ཕྱོགས་འོག་མིན་མེ་རུ་འབར་བའི་བཀོད་པ་ཡོངས་སུ་རྫོགས་པའི་ཕྱིའི་འཇའ་འོད་ཀྱི་ཀློང་དུ། སྐུ་ཡིག་འབྲུ། གསུང་ཕྱག་མཚན་གྱིས་མཚོན། རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་སྐུ་དང་། རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་སྐུ་བརྙན་སོགས་མཐའ་ཡས་པ་མཇལ་རྒྱུ་ཡོད་ཚུལ། མཁྱེན་རྩེ་ཡེ་ཤེས་རྡོ་རྗེའི་ཨེ་ཡིན་སྙམ་དུ་གྲགས་པའི་གནས་ཡིག་རྙིང་བ་<<ཐུགས་རྗེ་ཆེན་པོའི་གནས་རིའི་གནས་ཡིག>>ཅེས་གཏེར་ཚེག་ཅན་ནས་བཤད་པ་ལྟར་མཐའ་ཡས་པ་ནི་བསམ་མི་ཁྱབ་པའི་གནས་སོ། ། སྤྱིར་རིག་གསར་སྐབས་ཡས་མས་ནས་བཟུང་གནས་ཀྱི་གསང་གསུམ་ཉམ་དམས་ཅུང་སོང་ཡོད་པར་གྲགས་ཀྱང་། སླར་ཡང་ཀུན་གཟིགས་པཎ་ཆེན་བཅུ་བ་བློ་བཟང་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེ་སོགས་དམ་པའི་སྐྱེས་ཆེན་དག་གིས་གནས་ཁྲུས་དང་བྱིན་འབེབ་རབ་གནས་སོགས་མཛད་པའི་མཐུར་རྟེན། ད་ལྟ་བོད་ཀྱི་རྟེན་གསུམ་ཕལ་མོ་ཆེ་བཞུགས་པའི་གནས་གཞན་དང་བསྡུར་ན། གནས་འདིར་གང་ཟག་ཐ་མལ་བ་ཞིག་སོན་ན་ཡང་། སྡིག་པའི་སྐྱེ་བོའི་རྒྱུ་འགྲུལ་ཉུང་བ་དང་། དབེན་ཞིང་ཉམས་དགའ་བའི་གནས་སུ་མཆིས་པ་སོགས་ཀྱིས། ཁམས་དྭངས་ཤིང་དབང་པོ་གསལ་བ་སོགས་ནི་ཀུན་ལ་ཐུན་མོང་དུ་མཆིས་ན། དད་པ་དང་དག་སྣང་ཅན་གྱིས་སྦྱོར་དངོས་རྗེས་གསུམ་གྱིས་རྩིས་ཟིན་པའི་སྒོ་ནས་མཇལ་ཕྱག་སྨོན་ལམ་བཏབ་ན་དེ་དེ་བཞིན་དུ་འགྲུབ་པ་ནི་བསླུ་མེད་རྟེན་འབྱུང་གི་བདེན་མཐུར་ཐེ་ཚོམ་མི་དགོས་པའི་གནས། དེ་ཡང་གནས་ཡིག་ལས་གཏེར་ཚེག་ཅན་མ་ལས། ནང་སྐོར་ཉེར་ལྔ་མ་ཎི་དུང་ཕྱུར་འགྱུརཿ བཅོ་ལྔ་གནམ་གང་ཉ་སྟོང་དུས་དྲུག་ལཿ དེ་ལས་སུམ་འགྱུར་ཆེ་བས་སྙིང་རུས་གྱིསཿ རིན་ཆེན་གླིང་ནས་སྟོང་ལོག་རྒྱལ་བས་ཁྲེལཿ ཕྱི་སྐོར་བདུན་ལ་མ་ཎི་སིདྡྷི་དངཿ རང་རང་འདོད་པའི་གཟུངས་སྔགས་དུང་ཕྱུར་འགྱུརཿ ཞེས་གནས་མཇལ་ཕྱག་སྐོར་གྱི་ཕན་ཡོན་བརྗོད་ལས་འདས་པ་ཐུགས་ལ་བཏགས་ནས་དད་ལྡན་ཚོས་དམ་པ་གསུམ་གྱི་ངང་མ་ཤོར་བར་གནས་མཇལ་ལ་དང་། གངས་རིའི་སྤུན་ཟླ་ཚོའི་བདེ་སྡུག་ལ་སྐྱབས་འཇུག་བསྔོ་སྨོན་ཡང་དག་པ་རེར་བརྩོན་རྒྱུ་གལ་ཆེའོ། ། ཞེས་བོད་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་ལོའི་ཟླ་ལྔ་བར་སྤུན་ཟླ་ཉེ་འདས་ཚོའི་དོན་དུ་ཇོ་བོ་ཐུགས་རྗེ་ཆེན་པོར་སྐྱབས་འཇུག་ཞུ་རུ་འགྲོ་སྐབས་གནས་མདུན་ནས་ཕྱོགས་མེད་ཀྱི་གནས་མཇལ་བ་ཀུན་བཟང་སྣང་བ་རང་གྲོལ་ཟེར་བ་ཞིག་གིས་གནས་འདིའི་ལོ་རྒྱུས་ཐུང་ངུ་ཞིག་འབྲི་རོགས་ཞེས་ནན་གྱིས་དེད་པ་མ་ལྡོག་ཏེ་རང་ཉིད་ཀྱིས་མཐོང་ཐོས་མྱོང་བའི་གནས་ཀྱི་བྱུང་རབས་ངག་རྒྱུན་དག་ལ་གཞི་བྱས་། ཐུགས་ཆེན་དགོན་པའི་མཁན་པོ་སྙན་གྲགས་ཚང་གི་གསུང་རྒྱུན་འགའ་བསྣན་ཏེ་སྨིན་དབུས་སྤྲང་པོས་མདོར་བསྡུས་སུ་ཕུལ།
རྩོམ་གསར། 10