གནས་ཆེན་སེང་ལྕམ་གངས་རའི་ངོ་སྤྲོད་མདོར་བསྡུས།

ཚེ་དབང་རྣམ་རྒྱལ།        2021-09-30

     

གནས་ཆེན་སེང་ལྕམ་གངས་རའི་ངོ་སྤྲོད་མདོར་བསྡུས།

  ཁམས་དཀར་མཛེས་ཁུལ་ལི་ཐང་རྫོང་གེ་སྨད་སྡེ་ཁག་གི་ཁོངས་གཏོགས། ད་ལྟའི་ལི་ཐང་རྫོང་ནས་ཕྱག་ཕྲེང་རྫོང་བར་གྱི་རྒྱལ་ཁབ་གཞུང་ལམ་གྱི་ལི་ཐང་ནས་མར་བརྩིས་པའི་སྤྱི་ལེ༧༣མཚམས་ཀྱི་གཡོན་འགྲམ་གྱི་རི་བོའི་ཐོག་ཏུ་རྡོ་རིང་པོ་གཉིས་གྱེན་དུ་ལངས་པ་ལ།མདུན་ངོས་ནས་བལྟས་ཚེ་མི་གཟུགས་རིང་ཤེད་ཆེ་གཉིས་ཀྲོང་ངེར་ལངས་ཡོད་པ་དང་འདྲ་ཞིང་།རྒྱབ་ངོས་ནས་བལྟ་དུས་རི་བོ་དེ་ནི་རི་བོང་གི་གཟུགས་དབྱིབས་ཅན་དང་རྡོ་རིང་གཉིས་རི་བོང་གི་རྣ་རིང་དང་མཚུངས་པས་རྒྱ་མིས་རི་བོང་རྣའི་རི(兔耳山)ཞེས་པའི་རི་བོ་ངོ་མཚར་ཅན་ཞིག་མཆིས།བཤད་སྲོལ་དུ་སྔོན་ལོ་ངོ་བརྒྱ་ཕྲག་དུ་མའི་ཡན་ལ་རི་བོ་དེ་ནི་དུས་བཞི་ལ་བཞུར་མི་ཐུབ་པའི་གངས་ཀྱི་རི་བོ་ཞིག་ཡིན་པར་མ་ཟད།ད་དུང་གངས་སེང་ཡང་རེ་གཉིས་མཐོང་རྒྱུ་ཡོད་ཅེས་བཤད་པས།གནས་རི་དེ་ལ་སེང་ལྕམ་གངས་ར་ཞེས་པའི་མཚན་ཐོགས་དོན་ཡང་དེ་ཡིན་ཟེར།རྗེས་སུ་ས་ཁམས་ལ་འགྱུར་ལྡོག་བྱུང་བའི་རྐྱེན་གྱིས་ད་ལྟར་རི་བོ་དེ་ནི་སྟོད་རྫ་སྐེད་བྱེ་མ་འདབས་སུ་ནགས་ཚལ་དང་སྤང་རིས་བསྐོར་བ་ཞིག་ཏུ་ཆགས་ཤིང་།ནགས་ཚལ་དུ་ཤུག་པ་དང་སྟག་མ།སུར་དཀར།ཤིང་ཐང་དཀར་སོགས་ཤིང་སྣ་དུ་མ་དང་།སྲོ་ལོ་དཀར་པོ་དང་སྲོ་ལོ་དམར་པོ།ཨ་བི་ཁ་ཞན་པ།དབྱར་རྩྭ་དགུན་འབུ།ཧོང་ལེན་སོགས་སྨན་སྣ་བརྒྱ་ཕྲག་ཙམ་ཡོད།རི་དྭགས་ཀྱི་རིགས་ལ་ཤྭ་བ་དང་དགོ་བ།རྣ་བ།འཕྱི་བ་སོགས་མང་པོ་ཡོད་པ་དང་།བྱ་རིགས་སྐོར་ལ་གོང་མོ་དང་།སྐྱུང་ཀ།འུག་པ།ངང་པ།ཆུ་བྱ།ཁྲུང་ཁྲུང་དཀར་པོ་སོགས་ཡོད།རྡོ་རིང་གཉིས་ཀྱི་མདུན་ཕྱོགས་སུ་མཚེའུ་ཆེན་པོ་མཚོ་ར་སྒྲང་དང་མཚོ་ནག་གཉིས་ཡོད་ཅིང་།མཚོ་ར་སྒྲང་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༢.༢༥དང་མཚོ་ནག་ལ་སྤྱི་ལེ་གྲུ་བཞི་མ༡.༤༣ཙམ་ཡོད་པ་དང་།མཚོ་ར་སྒྲང་ནི་ལི་ཐང་རྫོང་ཁོངས་ཀྱི་ཆེས་ཆེ་བའི་མཚེའུ་ཞིག་ཡིན།རི་བོའི་ཁ་ལའང་གེ་སར་རྒྱལ་པོའི་དཔའ་ཐུལ་རྣམས་ཀྱི་བླ་མཚོ་ཡིན་ཞེས་པའི་མཚེའུ་ཆུང་ངུ་མང་པོ་ཡོད།མདོར་ན་གེ་སྨད་ཀྱི་ས་བཤད་དུ་སེང་ལྕང་གངས་རའི་གནས་ནི་བཀྲ་ཤིས་རྟགས་བརྒྱད་ཀྱི་ཚུལ་དུ་ཆགས་ཡོད་པར་བཤད།སེང་ལྕམ་གངས་རའི་གནས་བདག་ནི་གཡུང་དྲུང་རྣམ་རྒྱལ་དང་གནས་ཀྱི་གཙོ་བོ་ནི་གེ་སར་སེང་ཆེན་ནོར་བུ་དགྲ་འདུལ་ཡིན་ཞིང་།སྔར་གེ་སར་རྒྱལ་པོས་འཇང་ས་དམ་རྒྱལ་པོ་དམ་ལ་བཏགས་ཏེ་ཕྱི་ལོག་གི་ལམ་བར་དུ་དེང་གེ་སྨད་སྡེ་ཞེས་པའི་ཡུལ་འདིར་བཞུགས་སྒར་མཛད་སྐབས།གེ་སར་རྒྱལ་པོས་རང་གི་འཁོར་དུ་གྱུར་པའི་ལྷ་མོ་དང་མགོན་པོ་གཉིས་ཏེ་སྲུང་མ་མ་མགོན་གཉིས་ལ་རྗེས་སུ་འདིར་གེ་ཞེས་པའི་སྡེ་ཞིག་ཆགས་རྒྱུ་ཡོད་པས་ཁྱེད་གཉིས་ཀྱི་སྡེ་དེ་ལ་དུས་གཏན་དུ་སྲུང་སྐྱོབ་མཛད་དགོས་ཞེས་བཀའ་བསྒོས་པ་དང་།མ་མགོན་གཉིས་ནི་ད་ལྟའི་སེང་ལྕམ་གངས་རའི་རི་བོའི་ཐོག་ཏུ་ལངས་པའི་རྡོ་རིང་གཉིས་ཏེ་ཡུལ་མི་ཀུན་གྱིས་རྡོ་རིང་ཕོ་མོ་གཉིས་ཞེས་པ་ཡིན་པ་དང་མཚོ་ར་སྒྲང་དང་མཚོ་ནག་གཉིས་ནི་མ་མགོན་གཉིས་ཀྱི་བླ་མཚོ་དང་མཚོ་ར་སྒྲང་ནི་གེ་སར་གྱི་བླ་མཚོ་ཡང་ཡིན་ཞེས་གཏེར་སྟོན་རིག་འཛིན་ཆོས་སྐྱོང་རྣམ་རྒྱལ་གྱིས་བརྩམས་པའི་སེང་ལྕམ་གངས་རའི་གནས་ཡིག་ཏུ་གསལ་ཞིང།ལུང་བསྟན་དེ་དག་དང་མཐུན་པར་རྗེས་སུ་གནས་འདིའི་འགྲམ་བརྒྱུད་ལ་གེ་སྨད་ཅེས་པའི་སྡེ་ཆེན་དེ་ཆགས་པ་ཡིན།མཚོ་ར་སྒྲང་དུ་སྲམ་དང་ཉ་སོགས་ཆུ་གནས་ཀྱི་རིགས་དུ་མ་གནས་པར་མ་ཟད།མི་མང་པོས་མཚོ་དེ་ལས་རྒྱལ་པོའི་ཕོ་བྲང་དང་ལྷ་ཁང་།ཁང་པ་སོགས་ཀྱི་གཟུགས་རིས་སྣ་ཚོགས་མཇལ་བ་དང་།གཞན་ཡང་གཏམ་བརྒྱུད་དུ་མཚོ་ར་སྒྲང་དུ་ད་དུང་སྲོག་ཆགས་མཚོ་གླང་ཞིག་ཀྱང་ཡོད་པའི་གོ་ཐོས་བྱུང་སྟེ་གནའ་མཚོ་འགྲམ་གྱི་སྤང་ཐོག་ཏུ་འབྲོག་པའི་དུད་ཚང་གཉིས་ཆགས་ཡོད་པའི་ཁྱིམ་ཟོག་རྣམས་ཀྱིས་དུས་རྒྱུན་པར་མཚོ་གླང་དང་རྭ་རྩོད་བྱས་ནས་ཕམ་ཁ་བླངས་པས།ཉིན་ཞིག་ལ་འབྲོག་པའི་ཟོག་རྫིས་དེའི་ལན་དུ་གཡག་ཞིག་གི་རྭ་ལ་གྲི་བསྡོམས་ཏེ་མཚོ་གླང་དང་འཐབ་ཏུ་བཅུག་པས།མཚོ་གླང་གིས་གྲིའི་རྨས་ཀྱི་ཟུག་གཟེར་བཟོད་མ་ཐུབ་ནས་མཚོ་ནང་དུ་མཆོངས་མ་ཐག་ཏུ་མཚོ་རླབས་འཕྱུར་ཏེ་དུད་ཚང་གཉིས་རྩ་མེད་དུ་ཕྱགས་སོང་ཟེར།དུས་ཕྱིས་ཀྱང་མི་མང་པོས་མཚོ་ཆུའི་འགྲམ་ལ་སྦྲ་རས་རྙིང་པ་དང་ཀ་ར་རྙིང་པ་ཁ་ཤས་མཐོང་མྱོང་བ་དང་།མཚོ་ར་སྒྲང་དང་མཚོ་ནག་གཉིས་ཀྱི་མཐའ་སྐོར་དུ་ཆུ་ཤེལ་ལས་གྲུབ་པའི་སྒྲུབ་ཕུག་གེ་སར་གྱི་ཕོ་བྲང་ཤེལ་གྱི་མཆོད་རྟེན་དང་གེ་སར་གྱི་ཞབས་རྗེས།ཕྱག་རྗེས།ཆིབས་རྗེས་དང་ཨོ་རྒྱན་ཆེན་པོ་དང་རྗེ་འབངས་ཉེར་ལྔ།དཔའ་ཐུལ་རྣམས་ཀྱི་སྒྲུབ་ཕུག་དང་ཞབས་རྗེས།ཕྱག་རྗེས།སོ་སོའི་ཐུགས་རྟགས་སོགས་མངོན་གསལ་དུ་མཇལ་རྒྱུ་ཡོད།ཕན་ཡོན་སྐོར་ལ་གནས་འདི་ཉིད་ནི་མཐོང་ཐོས་དྲན་རེག་གྲོལ་བའི་བྱིན་རླབས་ཅན་ཡིན་པས་གནས་འདི་ལ་རྒྱུན་པར་བསྐོར་བ་རེ་བྱ་ཐུབ་ན་མ་ཎི་དུང་རེའི་ཕན་ཡོན་དང་གནས་འདུས་སྐབས་སུ་མ་ཎི་དུང་བཅུའི་ཕན་ཡོན་ཡོད་པ་དང་།གནས་འདིར་བརྐྱང་ཕྱག་གིས་བསྐོར་བ་རེ་བྱ་ཐུབ་ན་མ་ཎི་དུང་ཕྱུར་བཅུ་གསུམ་གྱི་ཕན་ཡོན་ཡོད་པ་དང་།ནད་གདོན་གློ་བུར་ཚབས་ཆེན་ཅན་ལ་གནས་འདིར་ཚོགས་དང་བསང་མཆོད་བྱས་ན་བར་ཆད་ཀུན་པོ་ཞི་འགྲོ་ཞེས་སེང་ལྕམ་གངས་རའི་གནས་ཡིག་ཏུ་བྲིས་ཡོད།གནས་འདིའི་གནས་འདུས་ནི་ལུག་ལོའི་ཟླ་བ་ལྔ་པའི་ཚེས་གཅིག་ནས་ཉེར་ལྔའི་བར་དུ་ཡིན་ཞིང་།དེ་དུས་ཆོས་དད་སྐྱ་སེར་ཁྲི་གཉིས་རེ་ཙམ་དེར་གནས་མཇལ་ཕེབས་འོངས།གནས་འདིའི་གནས་སྒོ་འབྱེད་མཁན་ནི་གཏེར་སྟོན་རིག་འཛིན་ཆོས་སྐྱོང་རྣམ་རྒྱལ་ཡིན་པ་དང་།ད་ལྟར་མཇལ་རྒྱུ་ཡོད་པའི་གནས་ཡིག་ཀྱང་གོང་བཤད་ལྟར་གཏེར་སྟོན་རིག་འཛིན་ཆོས་སྐྱོང་རྣམ་རྒྱལ་གྱི་ཡིན།།


  • ལེ་ཚན་སྔོན་མ།:ལྷ་སའི་བོང་བ་རི།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།