2025-09-20
འབྲས་ལྡན་སྟོན་གྱི་དུས་ཚིགས་འདིར་འབའ་ཐང་རྫོང་གི་སྲོལ་རྒྱུན་དབྱར་གནས་དུས་སྟོན་སླེབ་ལ་ཉེ། ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོའི་དབྱར་གནས་དུས་སྟོན་དེ་སྤྱི་ཟླ9པའི་ཚེས21ཉིན་གསར་དུ་བསྐྲུན་པའི་ན་ཆུང་སྟེང་མང་ཚོགས་རིག་གནས་སྤྱི་གླིང་ནས་དངོས་སུ་འགོ་འཛུགས་རྒྱུ་རེད།
དབྱར་གནས་དུས་སྟོན་ནི་འབའ་ཐང་མི་དམངས་ཀྱི་དབྱར་སྐྱེལ་སྟོན་བསུའི་སྲོལ་རྒྱུན་དུས་སྟོན་ཞིག་ཡིན་ཞིང་། ལོ་ལྟར་སྤྱི་ཟླ9པའི་ཟླ་སྟོད་དུ་མི་རྣམས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ནས་དུས་ཡུན་ཉིན་བདུན་རིང་ལ་གླུ་གར་དགའ་སྟོན་ལ་རོལ་བཞིན་ཡོད། ད་ལོའི་དབྱར་གནས་དུས་སྟོན་སྤེལ་ཡུལ་ནི་གསར་དུ་བསྐྲུན་པའི་ན་ཆུང་སྟེང་སྤྱི་གླིང་ཡིན་པ་རེད། སྤྱི་གླིང་དེ་ནི་འབའ་ཐང་རྫོང་བྱ་ཁྱུང་གྲོང་རྡལ་གྱི་འབའ་ཆུ་དལ་འབབ་རིང་མོའི་ནུབ་ཕྱོགས་སུ་གནས་ཡོད་པ་དང་། འབའ་ཐང་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཛུགས་སྐྲུན་གྱི་ལས་གཞི་གཙོ་བོ་ཞིག་ཡིན་པ་རེད།
ལས་གཞི་དེར་མ་དངུལ་བསྡོམས་འབོར་སྒོར་ཁྲི2040བཏང་བ་དང་ས་ཁྱོན་མུའུ54ཙམ་ཡོད། ལྷ་མོ་ཟློས་གར་ཟ་ཁང་ལ་སྨི་གྲུ་བཞི་མ1350དང་ཚིག་ཇ་སིལ་ཟས་ཁང་ལ་སྨི་གྲུ་བཞི་མ99། མཐོང་ཡངས་ཟློས་ཁང་གར་སྟེགས་ལ་སྨི་གྲུ་བཞི་མ900ཡོད་པ་དང་དེ་བཞིན་ལེ་ལག་སྒྲིག་ཆས་རབ་དང་རིམ་པ་གསར་དུ་བསྐྲུན་ཡོད། སྤྱི་གླིང་དེར་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་སོར་འཇོག་བྱས་ཡོད་ལ་དེང་རབས་ཡུལ་སྐོར་དགོས་མཁོ་ཡང་བསྐང་ཐུབ་པར་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི“སྤྱི་གླིང་གསར་པ་སྐོར། དབྱར་གནས་དུས་སྟོན་རོལ། འབའ་ཐང་གི་ལོ་རྒྱུས་དང་བརྒྱུད་འཛིན་ལ་བལྟ་བ”གཙོ་དོན་དུ་བྱས་པའི2025ལོའི“དབྱར་གནས་དུས་སྟོན”ལྷ་མོ་ཟློས་གར་རིག་གནས་སྤེལ་རེས་གཟའ་འཁོར་དང་ན་ཆུང་སྟེང་སྤྱི་གླེང་སྒོ་འབྱེད་མཛད་སྒོ་སྤྱི་ཟླ9པའི་ཚེས28ཉིན་བར་སྤེལ་རྒྱུ་ཡིན་པ་རེད།
བྱེད་སྒོའི་རིང་ལྷ་མོ་ཟློས་གར་འཁྲབ་སྟོན་བྱས་པ་ཕུད། ད་དུང“གཟུགས་མེད་རིག་གནས་ཤུལ་བཞག་ལ་བལྟ་བ་དང་དབྱར་གནས་དུས་སྟོན་རོལ”ཞེས་པའི་རོལ་དབྱངས་དགོང་ཚོགས་དང“ང་ཚོའི་གྲོང་སྡེའི་དགོང་ཚོགས”ཀྱིས་རྒྱལ་སྟོན་བསུ། ཕ་ཡུལ་ལ་བསྟོད་ཅེས་པའི་གླུ་དབྱངས་འགྲེམ་འཁྲབ། ཡིད་དབང་འཕྲོག་པའི་ཡུལ་ཤོག་གྲོང་རྡལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམ་འཁྲབ། སྤྱི་ཕན་གསར་བརྗེ་གློག་བརྙན་གཏོང་བ་སོགས་གཙོ་དོན་བྱེད་སྒོ13བཀོད་སྒྲིག་བྱས་ཡོད་པ་རེད་དོ།།
ལོ་ཙཱ། རྟ་མགྲིན་རྡོ་རྗེ།
རྩོམ་སྒྲིག་པ། རྟ་མེ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10