2025-09-18
《དཔལ་འབྱོར་རིག་པ་དང་ལས་གཏོད་མཛུབ་ཁྲིད》བཀླགས་པའི་མྱོང་ཚོར།
ཡར་འཕེལ།༼རྔ་བ།༽
དེབ་འདིའི་རྩོམ་པ་པོ་རྒན་མི་འགྱུར་རྡོ་རྗེ་རེད། དཔེ་ཆ་འདི་བོད་ཁུལ་གྱི་ཆེས་ཐོག་མའི་བོད་མི་རང་གིས་བརྩམས་པའི། བོད་ཡིག་སྟེང་གི་དཔལ་འབྱོར་རིག་པ་དང་ལས་གཏོད་མཛུབ་ཁྲིད་སྐོར་གྱི་གཞུང་ལུགས་རང་བཞིན་ལྡན་པའི་དཔེ་ཆ་ཞིག་ཡིན་ཞེས་བོད་ཀྱི་མཁས་དབང་མང་བོས་གདེང་འཇོག་གནང་ཡོད་པས། དཔལ་འབྱོར་སྐོར་ལ་རང་ཉིད་སྤྲོ་བ་ཆེ་ཡང་སྨུག་པའི་ནང་གི་ཤྭ་བ་བཞིན་ཡིན་པས། འདིའི་སྐོར་ལ་རྒྱུས་ལོན་གྱི་དམིགས་པ་ཞིག་ཁྱེར་ཏེ་དཔེ་ཆ་འདིར་བལྟས་པ་ཡིན། དྲང་མོར་བཤད་ན་ངས་དེབ་འདིར་བལྟ་བར་ལོ་གཅིག་ལྷག་བཀོལ། དུས་ཚོད་ཀྱི་ཁོམ་པ་ཕུད་ལེ་ལོས་བཙིར་ཏེ་ནར་འགྱང་ཤོར་ནས་དུས་ཡུན་རིང་བོ་འདས། ཡིན་རུང་དུས་ཚོད་འདིའི་ནང་ངས་མགོ་རེག་རྔ་རེག་གིས་དེབ་གཞན་གཅིག་ལའང་མ་བལྟས་པ་ཡིན། རྒྱུ་མཚན་དེ་ལྟར་ན་དེབ་ཡག་འདི་ལ་གོ་བ་གྲ་དག་ཅིག་ལེན་རྒྱུར་བར་ཆད་འབྱུང་བར་དོགས་པ་ཡིན།
དེབ་འདི་ནི་ལེའུ་གསུམ་གྱི་བདག་ཉིད་ཅན་ཞིག་སྟེ། ལེའུ་དང་པོར་དཔལ་འབྱོར་རིག་པའི་སྤྱི་ཁོག་ཙམ་ངོ་སྤྲོད་བྱས་ཏེ་ཁ་གསལ་གོ་བདེ་བའི་ཚིག་གིས་དཔལ་འབྱོར་རིག་པའི་གླེང་གཞི་ངོ་མ་བོ་དེ་གང་ཡིན་བྲིས་ཡོད། ལེའུ་གཉིས་པར་སྤྱི་གཉེར་ཁང་གི་སྒྲིག་ཡིག་གསལ་འགྲེལ་དང་། ཚོང་ལས་གསར་འཛུགས་ལམ་སྟོན་དང་བོད་ཀྱི་དཔལ་འབྱོར་འཕེལ་ཕྱོགས་ལ་བསམ་ཚུལ་བཏོན་འདུག ལེའུ་གསུམ་པར་རྒན་མི་འགྱུར་ཁོང་བོད་ཡུལ་འགྲིམ་པའི་གཏམ་བཤད་གལ་ཆེན་དག་ཕྱོགས་བསྡུས་བྱས་ཡོད། བཀླགས་གྲུབ་པའི་ཚེ་ན་སྔོན་ཆད་ཀྱི་རང་དང་མི་འདྲ་ས་ཞིག་ནི། དཔལ་འབྱོར་རིག་པའི་གླེང་གཞི་དེ་འདི་འདྲ་ཞིག་ཡིན་འདུག་སྙམ་པ་ཞིག་ཡིད་ལ་འཆར་རྒྱུ་འདུག་ལ། རང་གི་བསམ་གཞིག་བྱེད་ཕྱོགས་དང་ཐག་གཅོད་བྱེད་སྟངས་བཅས་ལའང་གང་ལ་གང་འཚམ་གྱིས་རིག་ལམ་གསར་པ་དང་བློ་སྐྱེད་གསར་བ་གང་མང་ཞིག་བྱུང་སྣང་སྐྱེས། འོན་ཀྱང་དེབ་འདི་ཐེངས་གཅིག་བཀླགས་པ་ཙམ་གྱིས་ཐོབ་བྱའང་དེ་ཙམ་ལས་མ་འདས་ལ། ཕྱིས་སུ་ཐེངས་མང་བཀླགས་ན་རང་ལ་ཕན་རེ་ཐོགས་པའི་ཡིད་ཆེས་ཆེ།
P192-218རུ་ཡོད་པའི་རང་གི་ཚོང་ལས་ཀྱི་གནས་ཚུལ་ཟབ་སྦྱོང་རེའུ་མིག་དེ་ཚོང་གཉེར་བ་ཞིག་ལ་མཚོན་ན་ཁ་ཚ་དགོས་གཏུགས་ལྟ་བུར་ཆགས་ཡོད་ལ། དེ་ལག་ལེན་དང་སློབ་སྦྱོང་བྱས་ན་སོ་སོའི་ཚོང་བྱ་ལམ་འགྲོ་ཡོང་བར་ཕན་ཐོགས་ཆེ་སྲིད། གཞན་རྒན་མི་འགྱུར་གྱིས་བོད་ཁུལ་དཔལ་འབྱོར་འཕེལ་རྒྱས་ཐད་བཏོན་པའི་ཁ་ཕྱོགས་ཆེན་པོ་གསུམ་ནི་རང་ལ་མཚོན་ན་བག་ཆགས་ཟབ་ཤོས་དེ་ཡིན། ༡. དམངས་གཉེར་སྐབས་ཐོག་ཚོང་ལས་ཁེ་ལས་ཅན་དུ་བསྒྱུར་བ། ༢.ཐོན་ཁུངས་ཐོན་ལས་ཅན་དུ་བསྒྱུར་བ། ༣.ཞབས་ཞུ་ལས་རིགས་ཆེད་ལས་ཅན་དུ་བསྒྱུར་བ། དཔལ་འབྱོར་ཅུང་རྗེས་ལུས་ཆགས་པའི་བོད་ཡུལ་གྱི་ས་ཆ་ཕལ་ཆེ་བར་མཚོན་ན། གནད་ཆེན་པོ་འདི་གསུམ་མངོན་འགྱུར་བྱ་རྒྱུ་ཧ་ཅང་གལ་ཆེ་སྙམ། ལས་བགོའི་རིག་པ་དེ་སྐབས་ཐོག་ཚོང་ལས་དང་ཁེ་ལས་གཉིས་ཀྱི་རྩ་བའི་ཁྱད་པར་ཡིན་ལ། རིག་པ་འདིར་བརྟེན་ནས་ད་གཟོད་ཁེ་ལས་ཀྱི་ཆེད་ལས་རང་བཞིན་དང་། ལས་ཚེགས་ཆུང་ལ་ལས་ཆོད་ཆེ་བ་མངོན་འགྱུར་བྱེད་ཀྱིན་ཡོད། དེ་བས་ལས་བགོའི་རིག་པ་འདི་སྣང་མེད་བྱེད་ཐབས་བྲལ་བའི་རིག་པ་གལ་ཆེན་ཞིག་ཡིན།
ལྷ་གཡག་གི་ཁེ་ལས་རྩ་དོན་ནི་བདེ་གསུམ་གཞུང་ལུགས་ཡིན། དེ་ནི་བདེ་འཇགས་དང་བདེ་ཐང་། བདེ་སྐྱིད་གསུམ་གྱི་བསྡུས་མིང་ཡིན་ཞིང་། ཁོ་ཚོས་གཞུང་ལུགས་འདི་ལ་བརྟེན་ནས་འཛད་སྤྱོད་པའི་བདེ་གསུམ་ལ་ཁག་ཐེག་དང་འགན་ཁུར་བ་དེ་དངོས་གནས་ཡག་པོ་འདུག། རྒན་ཁོང་རང་མི་རིགས་ཀྱི་རིག་གནས་སྔོག་འདོན་བྱས་ཏེ་དེང་རབས་འཚོ་བའི་ཁྲོད་སྤྱོད་མཁས་པོ་ཡོད་དེ། ཉེ་བའི་དུས་ས་སྒང་ཧྲིལ་བོར་སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི༼生态可持续发展༽ཚ་རླབས་ཤིག་འཕྱུར་འོང་དུས། ཚང་མས་ཆུ་སྣ་གར་ཁྲིད་ལྟར་ནུབ་ཕྱོགས་ལ་ལད་མོ་བྱེད་པའི་སྒང་ལ། རྒན་མི་འགྱུར་གྱིས་ཆེས་ཐོག་མར་སྐྱེ་ཁམས་སྲུང་སྐྱོང་དང་འཆམ་མཐུན་མཉམ་གནས་ཀྱི་རིག་གནས་རང་རེའི་སྲོལ་རྒྱུན་རིག་གནས་སུ་འབེལ་བོ་ཡིན་པའི་ཁ་འབོད་བོས་ཡོད། ཆུང་ས་ནས་དཔེར་ན་འུ་ཅག་མགྲོན་དུ་སོང་ན་ཕོར་བ་རང་གིས་ཁྱེར་བའི་སྲོལ་ཡོད་ལ། འབྲོག་པའི་རུ་སྤོར་བའི་ལས་སོགས་ཀྱིས་མཚོན་པའི་ཁོར་སྲུང་གི་རིག་གནས་ཡག་པོ་མང་དུ་ཡོད། གཞན་ལྷ་གཡག་སྤྱི་གཉེར་ཁང་གི་རྩ་བའི་སྒྲིག་གཞི་ལའང་རང་རེའི་ཆོས་ཀྱི་ནང་གི་ཕར་ཕྱིན་དྲུག་གི་ཐ་སྙད༼ སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། ༽དང་བདེན་པ་བཞི་སོགས་བཀོལ་ནས་ཕྱོགས་སྡོམ་གཏན་འབེབས་བྱས་པ་ཡག་པོ་རང་འདུག།
དེབ་འདི་ལས་མཐོང་བ་ནི་ཁྲོམ་རའི་སྟེང་ལྷ་གཡག་གི་ཐོན་རྫས་ལ་ལྟོས་བཅས་ཀྱིས་གོང་ཅུང་མཐོ་རུང་། ཁོ་ཚོས་ངེས་པ་དོན་གྱིས་ཐོན་རྫས་སྤུས་ཚད་ཅན་དང་ཚོང་ལས་ཀུན་སྤྱོད་ཅན་དུ་གཏོང་བར་འབད་པ་ལྷུར་ལེན་བྱེད་ཀྱིན་པས་དེ་བཞིན་ཐོན་རྫས་ཀྱི་མ་གནས་ཀྱང་མཐོ་བའི་སྟབས་ཀྱིས་རེད། མི་རིགས་ཀྱི་ཤེས་ཡོན་པ་དག་བླ་སྲོག་སྐྲུན་མཁན་ཡིན་ན། ཁེ་ལས་པ་དག་ནི་མི་རིགས་འདིའི་སྣང་བརྙན་བཟོ་སྐྲུན་པ་ཡིན། ལྷ་གཡག་ལྟ་བུའི་སྤྱི་ཚོགས་ཁེ་ལས་ཚོས་སོ་སོའི་ཁེ་ཕན་ལས་ལོགས་སུ་སྤྱི་ཚོགས་འཕེལ་རྒྱས་ཐད་ནུས་པ་བླ་ལྷག་འདོན་བཞིན་པས། འུ་ཚོས་ཅོལ་ཆུང་གི་ཕྲག་དོག་དང་མཐོང་ཆུང་སྤངས་ཏེ། སོ་སོའི་ཕུགས་རྒྱང་ཅུང་རིང་བར་བྱས་ཏེ་རྒྱབ་སྐྱོར་དང་སློབ་སྦྱོང་བྱ་ཡུལ་ཡིན། གཤམ་དུ་རང་ལ་བག་ཆགས་དང་བློ་སྐྱེད་ཟབ་པའི་རྒན་མི་འགྱུར་རྡོ་རྗེའི་སྐད་ཆ་འགའ་བཀོད་ཡོད། ༡. གོམ་བརྒྱ་སྤོ་བའི་ཐོག་མ་སྙིང་སྟོབས་ཤིག་ལ་རག་ལས། ལམ་བརྒྱ་འཛད་ཀི་མཐའ་མ་དཀའ་ཐུབ་ཅིག་ལ་རག་ལས། ༢. མི་ཞིག་ལ་ཕམ་ཁ་སྟེར་བའི་རིང་ལུགས་གསུམ། འབད་བརྩོན་མ་བྱས་ཀྱང་འགྲུབ་པར་རེ་བའི་སྟོང་བསམ་རིང་ལུགས། བྱ་བ་སྒྲུབ་མ་ཐག་ཏུ་གྲུབ་འབྲས་མྱུར་དུ་ཐོན་པར་རེ་བའི་མཆོང་སྐྱོད་རིང་ལུགས། བྱ་བ་ཅུང་ཙམ་སྒྲུབ་ནས་དཀའ་ངལ་དང་ཉེན་ཁར་འཕྲད་ཚེ་མུ་མཐུད་དུ་དཀའ་ངལ་སེལ་བར་བརྩོན་ལེན་བྱེད་པའི་སྙིང་སྟོབས་མེད་པའི་ཁོ་ཆད་རིང་ལུགས། ༣. རང་ལ་ཁེ་ཕན་ཡོད་ཅིང་མི་རིགས་དང་ས་གནས་ལ་ཕན་ཐོགས་མེད་པ་ཞིག་ཡིན་ན་ངས་བསྒྲུབ་མི་སྲིད་ལ། ཡང་ན་མི་རིགས་རྐྱང་རྐྱང་ལ་ཕན་ཐོགས་པ་ལས་རང་ཉིད་ལ་ཁེ་ཕན་མེད་པ་ཞིག་ཡིན་ན་ངས་བསྒྲུབ་ཐུབ་རྒྱུ་མ་རེད། འོ་ན་མི་རིགས་དང་ས་གནས་ལ་ཕན་ཐོགས་ཡོད་ཅིང་ཞོར་དུ་རང་ལའང་ཁེ་ཕན་ཡོད་པ་ཞིག་ཡིན་ན་ད་གཟོད་ངས་བསྒྲུབ་ཐུབ་རྒྱུ་རེད།
ཡར་འཕེལ། དངོས་མིང་ལ་ཡར་འཕེལ་ཟེར་ཞིང་། ཕ་ཡུལ་རྔ་བའི་འཚམས་རིང་སྡེ་བ་ནས་ལང་ཚོའི་གཉོམ་ལག་རྒྱས། སྔ་གཞུག་ཏུ་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་སྐས་ཐེམ་འགྲིམ་པའི་སྐལ་བ་ལྡན་ཞིང་། ད་ལྟ་སྤོས་ལྡན་གྲོང་ཁྱེར་དུ་སློབ་ཆེན་འགྲིམ་མུས་ཡིན། ལོ་ན་ཆུང་དུས་ནས་རྩོམ་འབྲི་བར་མོས་པ་ཆེ་ཞིང་། སློབ་ཆུང་གི་དཔྱིད་མྱུག་ཚགས་པར་དང་སློབ་འབྲིང་གི་དུས་དེབ་སོགས་སུ་རྩོམ་ཡིག་རེ་གཉིས་བཀོད་མྱོང་།རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་གསར། 10