2025-05-29
ཉེ་དུས་སློབ་སྦྱོང་གི་ཁོམ་གསེང་བར་ནས་རྩོམ་པ་པོ་གཡུ་སྒྲོན་འཚོའི་བརྩམས་སྒྲུང་གི་འཇིག་རྟེན་ལ་ཉུལ། ཁོང་མོ་ནི་དེང་རབས་བོད་ཀྱི་གསར་སྐྱེས་བུད་མེད་རྩོམ་པ་པོའི་གྲས་ཀྱི་ཁྲོད་དུས་ཐུང་ཐུང་གི་ནང་བརྩམས་སྒྲུང་སྐོར་ནས་གྲུབ་འབྲས་འབུར་ཐོན་ལེན་མཁན་ཞིག་རེད། མི་རེ་རེའི་གྲུབ་འབྲས་ཀྱི་རྒྱབ་ན་དཀའ་སྡུག་དང་བརྩོན་འགྲུས་ཀྱི་རྔུལ་ཆུ་མང་བོ་ཞིག་བཏོན་ཡོད་པ་ནི་བསྙོན་དུ་མེད། དེ་དག་ཡོད་པས། ད་གཟོད་འདི་ལྟ་བུའི་གྲུབ་འབྲས་ཡོད་སྲིད་པས་རེད། ངས་སྔ་མོ་ཞིག་ནས་ཁོང་མོའི་བརྩམས་སྒྲུང་ཀློག་པའི་སྟ་གོན་བྱས་ན་ཡང་། སྒེར་གྱི་དུས་ཚོད་ཀྱི་བྲེལ་ཟིང་དང་སྒྱུད་ལུག་གི་དབང་གིས་ད་རག་བར་ལུས། སྒྲུང་འདི་ཀློག་མགོ་རྩོམ་པའི་དུས་ནི་དབྱར་ལ་མེ་ཏོག་བཞད་པའི་དུས་ཤིག་ཡིན་ལ། མཇུག་སྒྲིལ་བའི་དུས་ནི་རྩོམ་པ་པོ་ཁོང་མོའི་སློབ་ཆེན་འགྲིམས་སའི་སློབ་གླིང་རུ་དངོས་སུ་མཇལ་ཕྲད་བྱུང་བའི་ཉིན་མོ་ཞིག་ཡིན་པས། གུས་པ་མཚོན་ན་དོན་སྙིང་བླ་ལྷག་ལྡན་ཡོད། ཉིན་དེར་རྒྱའི་རྩོམ་རིག་སློབ་གླིང་གིས་གྲངས་ཉུང་མི་རིགས་ཀྱི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་མཁན་བསོད་ནམས་ཚེ་རིང་ལགས་གདན་ཞུ་བྱས་ཏེ་རྩོམ་རིག་གསར་རྩོམ་གྱི་སྐོར་ནས་འཆད་ཁྲིད་གནང་། ཉིན་དེར་རྩོམ་པ་པོ་གཡུ་སྒྲོན་འཚོ་ཡུལ་དངོས་སུ་ཐོན་ཡོད་པས། ཡུན་རིང་ཁོང་མོའི་རྩོམ་རིག་གི་རྣམ་དཔྱོད་དང་འབྲི་རྩལ་ལ་སྨོན་པ་འགོག་མེད་ཅིག་ཤོར་བའི་གུས་པས་མཐོང་མ་ཐག་དེ་ལས་ཀྱང་བཤད་མི་ཤེས་པའི་དགའ་བ་དང་དུངས་བ་ཞིག་དབང་མེད་དུ་ཤོར། འཆད་ཁྲིད་གྲོལ་རྗེས་དེ་མུར་ཁོང་མོ་མཚམས་འདྲི་སྟབས་བདེ་དང་དྲན་རྟེན་གྱི་པར་ཆུང་རེ་འགའ་བླངས་རྗེས། རང་རང་སར་བུང་སོང་། རེད་དེ། ང་ནི་ཁོང་མོའི་ཀློག་པ་པོ་ཆུང་ཆུང་ཞིག་དང་ཡུལ་ཕྱོགས་གཅིག་པའི་མི་བུ་ཞིག་གི་ངོས་ནས་ཡིད་ཀྱི་གཏིང་ལ་དགའ་སྤྲོའི་བརྟས་ཤིང་ང་དང་ང་ལྟ་བུ་གཞོན་སྐྱེས་ཀྱི་མི་བུ་གང་མང་ཞིག་ལ་དཔེ་སྟོན་དང་སྣེ་ཁྲིད་གྱི་ནུས་པ་གལ་ཆེན་ཞིག་བཏོན་ཡོད་པས། མ་འོངས་པ་ན་ཁོང་མོ་ལྟ་བུའི་རྩོམ་པ་པོ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་ཟམ་མི་ཆད་པར་རང་རེའི་བོད་ཀྱི་རྩོམ་རིག་གི་གཤིན་ས་འདི་རུ་འབྱུང་བར་རེ་བ་དང་ཡིད་ཆེས་ཆེན་པོ་ཡོད་ལ། རང་རེའི་རྩོམ་རིག་གི་མངའ་ཐང་འདིའང་ཡར་ངོས་ཟླ་བཞིན་འཕེལ་བར་རེ་སྒུག་བྱས་ཡོད། གུས་པར་ཁོང་མོའི་བརྩམས་སྒྲུང་གིས་བྱིན་པའི་བག་ཆགས་ཟབ་ཤོས་ནི་སྐྱིད་སྣང་དང་དགའ་སྣང་། ད་དུང་དགོད་སྣང་། དེ་མིན་ཀློག་པའི་དུས་སུ་ལྷོད་ཤ་འཇམ་པོ་ཞིག་ཀློག་པ་པོའི་ཡིད་ཀྱི་ག་ཤེད་ཅིག་ལ་བསྡུས་ཡོང་བ་དེ་རེད། ཁོང་མོའི་«གཟིམས་པ་མེད་པའི་སྒྲོན་མེའི»སྒྲུང་འདི་ནི་ལེའུ་བཅུ་བཞིའི་གྲུབ་པ་ཞིག་རེད། ཡིན་ནའང་། ངས་སྒྲུང་འདི་བཀླགས་རྗེས། འདིར་ལེའུ་ཆེན་པོ་་གཉིས་རུ་བགར་ཆོག་པར་འདོད། དེ་ལྟར་བཤད་དོན་ཡང་། ཁོང་མོའི་བརྩམས་སྒྲུང་འདི་འཚོ་བའི་ནང་ཆ་ཆེན་པོ་གཉིས་ཀྱིས་གྲུབ་ཡོད། གཅིག་ནི་སློབ་མའི་ཐོབ་ཐང་བཟུང་བའི་དུས་ཀྱི་བརྩམས་ཆོས་དང་། ཅིག་ཤོས་ནི་ཁོང་མོས་ཉེ་འཁོར་གྱི་འཚོ་བའི་གྲུབ་ཆ་དག་བཟུང་ནས་བྲིས་ཡོད་པས་ཡིན། ལེའུ་དང་པོ་རུ། «གསེར་གྱི་རྣ་ལུང་ཡ་གཅིག»དང«མདུད་པ» «ལམ» «རྨི་ལམ་དང་གངས་ལམ» «Aསྒྲོལ་མ་དངBསྒྲོལ་མ» «སྨག་རུམ་ཁྲོད་ཀྱི་འབོད་པ» «ཁུད་དུ་གཅུད་པའི་ཤོག་ལྷེ»འདི་དག་ནི་ཁོང་མོའི་སློབ་ཆེན་སྐབས་དང་སློབ་གཉེར་བརྒྱུད་རིམ་ཁྲོད་ཀྱི་བརྩམས་ཆོས་རེད། སྒྲུང་འདི་དག་སློབ་མའི་ཐོབ་ཐང་བཟུང་ཡོད་པའི་ཀློག་པ་པོ་དག་གིས་བལྟས་ན།སེམས་ཚོར་གཅིག་ལ་འབབ་པ་དང་གླེང་བྱ་གཅིག་ལ་མཐུན་པ་མ་ཟད། ཁྲིག་ཁྲིག་མེད་ན་ཁྱོད་རང་ཡང་སྒྲུང་འདི་དག་ནང་གི་མི་སྣ་གང་དེའི་གཤིས་ཀ་དང་དོན་དག་གཅིག་པ་གཅིག་རྐྱང་བྱུང་མྱོང་མཁན་དང་། སྒྲུང་འདི་བཀླགས་རྗེས་ཁྱོད་རང་ཡང་གཏམ་རྒྱུད་ལ་སེམས་པ་གླན་མཁན་ཞིག་ཡིན་ན་ཐང་། ལེའུ་གཉིས་པའི་ནང་དུ«སྐད་འཕྲིན་ཚོགས་པའི་གསར་འགྱུར»དང«དཔང་ཡིག་དང་ཐམ་ག» «ཨ་མྱེས་གནས་བརྟན་དང་བསང་རི་དམར་ཡག» «གཟིམས་པ་མེད་པའི་སྒྲོན་མེ» «ནད་པ» «ལྷ་ལྷ་ལག་རིང»དག་ནི་ཁོ་མོས་སློབ་གླིང་ལས་བརྒལ་ཏེ་ཉེ་འཁོར་གྱི་མཐོང་ཐོས་མྱོང་གསུམ་ལ་བརྟེན་ནས་གསར་རྩོམ་གནང་བའི་སྐོར་རེད། གུས་པས་རེ་རེ་བཤད་ན་མི་ཆོག་པ་མེད་མོད། མང་མང་ཉུང་ཉུང་བྱས་ནས་སྒྲུང་འདིའི་ནང་ཚན་གྱི«གཟིམས་པ་མེད་པའི་སྒྲོན་མེའི»བཀླགས་ཚོར་གྱིས་མཇུག་རྫོགས་པར་བྱེད་པར་བཟོད་གསོལ་ཞུའོ། ། གཟིམས་པ་མེད་པའི་སྒྲོན་མེ་ནི་ཚེ་སྲོག་གསར་བ་ཞིག་གི་འཁྲུངས་རྟགས་དང་། འོད་ལམ་ལམ་གྱི་འདུན་མ་ཞིག་གི་དན་རྟགས། ཡང་ན། རླབས་ཆེན་གྱི་ཨ་མ་ཞིག་གིས་རང་གི་སྲོག་གི་སྐྱོར་མ་ལྟ་བུའི་བུ་མོའི་འདོད་འདུན་མ་ལུས་བར་ཆད་སེལ་བའི་ལྷ་ཡི་སྲུང་མ། གཟིམས་པ་མེད་པའི་སྒྲོན་མེ་ནི་བྱམས་སེམས་དང་། སྙིང་རྗེ། ཐུགས་ཁུར། དྲན་གདུང་། སེམས་ཁྲལ་བཅས་ཀྱི་བསྡུས་གཟུགས་ཤིག་རེད་བཟོས་ན་མི་ཆོག་པ་མེད་པར་སྙམ། སྒྲུང་འདི་ལས་དེང་ཕྱོགས་ཀྱི་སློབ་གྲྭ་འགྲིམས་པའི་སློབ་མ་ཁ་ཤས་ཀྱིས་དོན་གཉེར་ལས་ལ་མི་འབད་པར་མཐའ་མའི་གླེན་རྟགས་དང་འགྱོད་སེམས་ཀྱི་བྱ་བ་མང་བོ་ཞིག་གིས་ཚེ་ཐོག་འདིར་བསུབ་ཐུབ་མེད་པའི་རྨ་ཁ་དང་ན་ཟུག་ཆེན་པོར་གྱུར་དུ་བཅུག་པ་བརྗོད་ཡོད། སྒྲུང་འདིའི་ནང་མི་སྣ་གཙོ་བོ་ཨ་མ་སངས་རྒྱས་འཚོ་དང་ཨ་ཕ་ཚེ་བརྟན། བུ་མོ་སྒྲོལ་མ་འཚོ། དེའི་བུ་མོ་འོད་ཟེར་འཚོ། མི་སྣ་ཕལ་བ་དག་ནི་སྒྲོལ་མ་འཚོའི་དགའ་རོགས་རྡོ་རྗེ། ཁྱིམ་མཚེས་འབྲུག་ལོ་ཚང་། འབྲུག་ལོའི་བུ་ཚེ་རིང་བཅས་ཡིན། སྒྲོལ་མ་འཚོའི་དགའ་རོགས་ནི་མི་སྣ་གཙོ་བོ་བཞག་ཆོག་ལ། མ་བཞག་ནའང་ཆོག(སྒྲུང་ལས་མང་བོ་བྲིས་མེད།) གང་ལྟར་ཁོ་ནི་སྒྲོལ་མ་འཚོ་དང་དུས་ཐུང་ཐུང་ནང་དགའ་རོགས་བྱས་ནས་རྐུན་ཇག་འཕྲོག་གསུམ་ལས་ལས་ཀྱི་རྔ་མར། ཁ་མ་སོས་པར་བཟའ་ཚང་ཁ་འཐོར་དགུ་འཐོར་དུ་སོང་ལ། ཨ་ཕ་བཟང་བོ་ཞིག་གི་འགན་འཁྲིའང་འཁུར་མི་ཐུབ་པ་དང་མི་གཤིས་བཟང་བོ་ཞིག་བཅའ་མི་ཐུབ་པའི་མི་ཞིག་རེད། ཁོ་ནི་སྒྲོལ་མ་འཚོ་ཟེར་བའི་བུད་མེད་དེ་ཡི་རྐུན་གྲོགས་ཙམ་རེད། སྐད་ཅིག་གི་ཁོ་གཉིས་ཀྱི་ལས་དབང་དེ་དོན་ངོ་མར་རང་རང་གི་མི་ཚེ་ནང་འགྱོད་གདུང་གི་ཁ་ཡིག་དེ་གསལ་ཐག་ཆོད་པ་ཞིག་འཕབ་རྒྱུ་དང་། བུ་མོ་ཆུང་ཆུང་གི་ཚེ་སྲོག་བསུ་མ་བྱེད་པའི་མགྲོན་པོར་ཐེངས་གཅིག་བྱས་པ་རེད། སྒྲོལ་མ་འཚོ་ནི་ཆུང་དུས་ཕ་མའི་ཁ་ལན་ཚིག་བརྩི་གནང་བའི་བྱིས་པ་ཡ་མེད་ཅིག་རེད། ཕ་མ་གཉིས་ལ་མཚོན་ནས་བཤད་ན། བུ་མོ་གཅིག་པུ་ནི་སྲོག་དང་སྙིང་ལྟ་བུ་ཡིན་པས། མོ་ནི་ཁྱིམ་ཚང་འདིའི་མ་འོངས་པའི་རེ་བ་ཉག་ཅིག་དང་། ཕ་མ་གཉིས་ཀྱི་ལ་རིང་བོ་འགོ་བའི་ལག་རྟེན་དང་ཚེ་ཕྱི་མ་འགྲོ་བའི་ཡུལ་སྲུང་ཡིན་པ་སྨོས་ཅི་དགོས། ད་དུང་རི་དམར་སྡེ་བའི་སློབ་གྲྭའི་དགེ་རྒན་དག་གིས་ཀྱང་བསྟོད་པའི་མེ་ཏོག་བར་མེད་གཏོར་ས་དང་བསྔགས་སར་གྱུར་ཡོད། ཁྱིམ་ཚང་འདིའི་ཡ་ཕུག་གི་གཟིམས་མེད་ཀྱི་སྒྲོན་མེ་དེ་དང་འདྲ་བར་ཕ་མ་དང་དགེ་རྒན་གྱི་སེམས་ཁོང་ན་ནམ་ཡང་འོད་ལམ་ལམ་འཕྲོ་བཞིན་ཡོད། ཁོ་མོ་རི་ཤོད་སློབ་ཆུང་སློབ་མཐར་ཕྱིན་པའི་ལོ་དེའི་དབྱར་ཁར། ཁྱིམ་ཚང་གི་གདུང་འདེགས་ཀ་བ་དང་རི་རྒྱལ་ལྷུན་པོ་བཞིན་གྱི་ཕ་ལོ་ནད་ཀྱིས་ཁྱེར་བས། ཁྱིམ་ཚང་གི་སྒོ་ཕྱི་ནང་གི་ལས་ཀ་ཡོད་ཚད་ལོ་ན་ལྔ་བཅུར་སོན་པའི་ཨ་མ་སངས་རྒྱས་འཚོའི་ཕྲག་སྟེང་དུ་ལྷུང་། བུ་མོ་རི་ཤོད་སྡེ་བ་ནས་གྲོང་ཁྱེར་དུ་སློབ་འབྲིང་འགྲིམ་དུ་སོང་། ཕ་མ་དང་དགེ་རྒན་སྙིང་གི་སྐྱོན་ཀུན་ཟད་ཀྱི་བུ་མོ་སྒྲོལ་མ་འཚོ་དེ། གྲོང་ཁྱེར་གྱི་ལོ་ངོ་གསུམ་གྱི་ལང་ཚོ་འཚར་ལོངས་རྒྱས་པའི་གོ་རིམ་ཁྲོད་ཕོ་མོའི་རྩེད་དགོད་ཀྱི་བསླུ་བྲིད་ཀྱི་ཁ་ཤེད་ལ་མ་འདང་བ་དང་ནང་སེམས་ཁྲ་ཁྲ་རིག་རིག་གིས་གཡོ་སྒུལ་བྱུང་བས། སྔོན་ཆད་ཀྱི་སྒྲོལ་མ་འཚོ་རེད་བཟོས་ན་རྣར་མི་འགྲོ་བའི་གནས་སུ་ལྷུང་། དེ་ནས་བཟུང་། ཁ་ལས་རླུང་རྟ་རྒུད་མགོ་བརྩམས། རི་དམར་སྡེ་བ་ན་འཁོར་བའི་ལས་ཀའི་ཁྲོད་་མགོ་ཡར་ལ་ལྕོག་ཁོམ་མེད་པའི་ཨ་མའི་སེམས་ནས་རྟག་ཏུ་བུ་མོའི་སྐྱིད་སྡུག་གླེང་ཞིང་། ནམ་ཡོང་ལ་རེ་ལྟོས་བྱས་ཡོད་ན་ཡང་། ཁ་དཔེར། ཕ་སེམས་བུ་ཐོག བུ་སེམས་རྡོ་ཐོག་ཟེར་བ་བཞིན། བུ་མོས་དོན་གཉེར་གྱི་ལས་ལ་མི་བརྩོན་པར་སློབ་གྲྭ་ནས་བུད་དེ། ཁོ་མོའི་བརྩེ་དུངས་སྟེར་ས་དགའ་རོགས་རྡོ་རྗེ་དང་མཉམ་དུ་ཕྱི་ནས་ཞོར་ལས་བསྒྲུབ་ནས་ལོ་ངོ་གསུམ་འདས། ལོ་ངོ་འདི་དག་ལ་མོའི་སློབ་རིན་གྱི་སྒོར་མོ་དོན་ཐོག་ལ་མ་བཀོལ་བར་བརླག་ཚར། རིམ་གྱིས་ཁོ་གཉིས་ཀྱི་འཚོ་བ་རོལ་བའི་རྒྱུ་ནོར་གྱི་མ་འདང་བས། སྒྲོལ་མ་འཚོས་དྲིན་ཆེན་ཨ་མ་ཡིད་ལ་འཁོར། ཁོ་མོས་དོན་ངོ་མར་ཨ་མ་དྲན་པ་ག་ལ་ཡིན། ཨ་མ་སངས་རྒྱས་འཚོས་རྣག་ཁྲག་གིས་བསགས་པའི་སྒོར་མོ་ཞེ་ལ་འཁོར་བ་རེད། དགའ་རོགས་ཁྲིད་དེ་ཕྱིར་རི་དམར་སྡེ་བར་སོང་། ལོ་ངོ་གསུམ་ལ་མ་ཐུག་པའི་ཨ་མ་སངས་རྒྱས་འཚོ་ཁྱིམ་གྱི་ཡ་ཕུག་གི་སྒྲོམ་མེ་རྐང་གཅིག་དེའི་མདུན་ནས་ལག་ཟུང་ཐལ་མོ་སྦྱར་ཅིང་བློ་སེམས་རྩེ་གཅིག་གིས་ཉིན་ཞག་གཅིག་ལའང་བུ་མོའི་སྐྱིད་སྡུག་ལ་གསོལ་འདེབས་ཞུ་རྒྱུ་བརྗེད་མྱོང་མེད་ལ། བུ་མོ་གློ་བུར་དུ་ཐོན་པས། ཁོ་མོ་དགའ་ཐག་མ་ཆོད་པར་བྱིས་པ་ཞིག་དང་འདྲ་བར་འཛུམ་དམུལ་དམུལ་བྱེད་བཞིན་འདུག ཡིན་ནའང་། སྒྲོལ་མ་འཚོ་ཨ་མ་ཐུག་ན་ཡང་། ཁོ་མོས་རིག་ན་འདོད་པའི་སྒོར་མོ་ལག་ཏུ་ཐོན་མེད་པས། གདོང་ན་འཛུམ་མདངས་སྤྲིན་མགོ་ཙམ་ཡང་མེད། ཁོ་གཉིས་ཀྱིས་རང་རང་ས་ནས་ད་ཐེངས་ཀྱི་དམིགས་ཡུལ་འགྲུབ་པར་ཧུར་ཐག་བྱེད་དགོས་པས། སྒྲོལ་མ་འཚོས་ཨ་མའི་ལག་ནས་སྒོར་ཁྲི་དྲུག་བླངས་པ་དང་འཕྲིན་ཐུང་ཞིག་བྲིས་ཏེ་ལམ་ལ་ཆས། མོས་ལོ་ངོ་གསུམ་གྱི་དོན་དངོས་ཐད་ཀར་བཤད་མ་ཐུབ་པས། ཡི་གེ་མི་ཤེས་པའི་ཨ་མར་བྱིན་ཏེ་བྲེལ་བྲེལ་འཚུབ་འཚུབ་གྱིས་ཕྱིར་སོང་། དགའ་རོགས་རྡོ་རྗེ་ཡིས་ཁྱིམ་མཚེས་འབྲུག་ལོ་ཚང་གི་གཡུ་བྱུར་དང་འཕྲུལ་རྟ་སོ་མ་ཞིག་ཡོད་པ་བརྐུས་མ་ཐག་ཁོ་གཉིས་བྱ་འཕུར་བ་བཞིན་སྒང་ཁ་དེ་ནས་ནག་མེད་སེ་བུད་སོང་། དེ་ལྟར། ཨ་མ་གཅིག་པུ་འདང་བརྩེ་ཙམ་ཡང་མེད་པར་ཁེར་རྐྱང་དུ་བསྐྱུར། དེ་ནས་བཟུང་ཁོ་གཉིས་ཀྱིས་དྲང་བདེན་གྱི་ལས་མི་བསྒྲུབ་པར་རྐུན་ཇག་འཕྲོག་གསུམ་གྱིས་ཉི་མ་འཁྱོལ་ཐུབ་བྱས། ལྐོག་ལྐོག་སུད་སུད་ཀྱི་རྔ་མའི་མཇུག་ཐུང་བས། ཨ་མ་སངས་རྒྱས་འཚོས་ཁབ་གསོག་འབིག་གསོག་བྱས་པའི་སྒོར་མོ་ཡོད་ཚད་བརླག་ཚར་བ་དང་། བཟའ་ཟླ་གཉིས་ཀའང་ཁ་མཐུན་འགྲིག་མཐུན་མེད་པར་རང་རང་སར་སོང་། ཁོ་གཉིས་གྲོང་ཁྱེར་ནས་ཁེན་ས་བརྟེན་ས་སྤུ་མགོ་ཙམ་ཡང་མེད་པས། སྒྲོལ་མ་འཚོས་དགའ་རོགས་རྡོ་རྗེ་ཡིས་དེང་མའི་ཁ་ཡག་ངོ་དགའ་དང་གཡོ་སྒྱུ་ཁྲམ་གསུམ་གྱིས་ཁ་མར་དུ་ཁྲིད་པ་དེ་དག་ལ་ཁ་སྤོ་ཁ་ནས་ལངས་ཤིང་ཞེ་སྤོ་གཏིང་ནས་འཕྱུར་བ་དང་། རྡོ་རྗེ་ཡིས་རང་གི་ཁྱིམ་མཚེས་ཚང་ལ་རྐུས་བྱས་པ་སོགས་ཀྱི་ལས་དེ་དག་མཐར་དེད་ན། རང་གིས་རང་ལ་འགྲམ་ལྕག་ཚ་བེར་བ་ཞིག་གཞུས་ཡོད་ལ། དྲིན་ཆེན་ཕ་མའི་རེ་བ་སྟོང་ཟད་དང་རྔུལ་ཁྲག་གིས་བསགས་པའི་སྒོར་མོ་ཡོད་ཚད་བཀོལ་ཚར་བ་དང་། ཕལ་ཆེར་ཁྱིམ་སྟོང་དུ་ཕུད་ཡོད་པ་དག་ལ་ནོངས་འགྱོད་ཚད་མེད་སྐྱེས་ཞོར། རང་ཡུལ་གད་པ་ཡིན་རུང་སྐྱིད། མི་རྒས་ན་ལོག་ས་ཡུལ། བྱ་རྒས་ན་ལོག་ས་ཚང་། ཟེར་བའི་སྲིད་པའི་བདེན་ལུགས་རྡོག་རྡོག་དེ་དག་ཡིད་ལ་འཁོར་བའི་མོད་ལ། ཁོ་མོས་སྔར་བཞིན་ཕ་ཡུལ་དུ་འགྲོ་སེམས་ཐག་བཅད། ད་ཐེངས་ནི་ཁོ་མོར་རྐུན་རོགས་མེད་པར། ངོ་ཚ་སྒྱེ་གང་། ངོ་འདོམ་པ་གང་གནར་ནས་གོམ་ཁ་རི་དམར་སྡེ་བར་བསྒྱུར། ཨ་མ་སངས་རྒྱས་འཚོ་ནི་ལོ་ཟླས་དེད་པའི་གཉེར་མ་དང་བུ་མོ་དྲན་པའི་གདུང་བ་ཡིས། གཟིམས་མེད་ཀྱི་སྒྲོན་མེ་རྐང་གཅིག་དེའི་མདུན་དུ་དབུགས་རྟ་རྔ་ཙམ་ལ་འཐོག་པའི་མཐའ་མར། ཁོ་མོ་ནམ་ཡོང་རེ་ལྟོས་བྱས་བྱས་ཡོད་ཁར། བུ་མོ་མཐོང་མ་ཐག་པའི་དགའ་བ་ཉག་ཅིག་དེས་ཁོ་མོ་ཚེ་ཐོག་འདི་ནས་ཞེན་ཆགས་ཅི་ཡང་མེད་པར་འཇིག་རྟེན་གཞན་ཞིག་ཏུ་ཨ་ཕ་ཚེ་བརྟན་ལ་འདུག་རོགས་སུ་བུད་སོང་། ད་ལྟ་སྒྲོལ་མ་འཚོ་འགྱོད་པ་ཅི་འདྲ་སྐྱེས་ན་ཡང་ཡོད་ཚད་འཕྱི་དྲགས་སོང་། ཨ་མ་སྲིད་ཞུ་ཙམ་ཡང་བསྒྲུབ་ཐུབ་མ་སོང་ལ། ཚེ་ཐོག་འདི་ནས་ཨ་མ་སངས་རྒྱས་འཚོས་བུ་མོ་སྲིད་ཞུ་བསྒྲུབ་ནས་ཁོ་མོའི་མི་ཚེ་བསྐྱལ་བ་རེད། འདི་དག་ཡོད་ཚད་སྒྲོལ་མ་འཚོ་སྨྱོན་མའི་ག་ལ་ཤེས། ཕྱིར་ཡུལ་དུ་ལོག་ནས་སྒྲོལ་མ་འཚོས་བུ་མོ་ཞིག་ཀྱང་བཙས་།ཨ་མ་སངས་རྒྱས་འཚོས་འཆི་རག་བར་གཟིམས་སུ་བཅུག་མྱོང་མེད་པའི་འོད་ལམ་ལམ་གྱི་སྒྲོན་མེ་དེ་རྟེན་འབྲེལ་དང་དྲན་གསོ་ཡི་ཆེད་དུ་བུ་མོའི་མིང་ལ་འོད་ཟེར་འཚོ་བཏགས། ཡིན་ཡང་། ཨ་ཕ་ནི་རྐུན་མ་རྡོ་རྗེ་རེད། བུ་མོ་དེ་སྙིང་རེ་རྗེ། ཤ་རེ་ཚ་ཨང་། མཇུག་གཏམ། སྒྲུང་འདི་ལས་ང་རང་སྙིང་རྗེ་སྐྱེ་ས་གཉིས་དང་ཞེ་སྡང་སྐྱེ་ས་གཅིག་ཡོད། ཨ་མ་སངས་རྒྱས་འཚོ་ནི་རླབས་ཆེན་གྱི་ཨ་མ་ཞིག་རེད། ཨ་མ་ནི་ཁྱེད་དང་ཆེས་ཁ་ཐག་ཉེ་བའི་སངས་རྒྱས་དེ་ཡིན་ཟེར་བའི་སྐད་ཆ་འདིའི་གཏིང་ཚད་ངས་ཡང་བསྐྱར་ཨ་མ་སངས་རྒྱས་འཚོའི་མི་གཤིས་ཀྱི་སྟེང་ནས་མཐོང་བྱུང་། ཅིག་ཤོས་ནི་སྒྲོལ་མ་འཚོ་བཟའ་ཟླ་གཉིས་ཀྱི་བུ་མོ་འོད་ཟེར་འཚོ་ལ་ཡིད་ཀྱི་གཏིང་ཞིག་ནས་སྙིང་རྗེ་སྐྱེས། བུ་མོ་ཁྱོད་རང་སྤྱིར་ཡིན་ན། ཕ་འཛོམས་མ་འཛོམས་ཀྱི་ཁྱིམ་གཞིས་ཤིག་ནས་སྐྱེ་ན་འགྲིག་མོད། ལས་ཀྱི་ཁ་ཡིག་ནི་དེ་འདྲའི་བསམ་སར་མ་སོང་བར་ཕ་མ་ཁ་ཐུར་འདྲུད་གཉིས་ཀྱི་བྱིས་པ་བྱེད་དགོས་པའི་མི་ཚད། ཁྱོད་ཀྱི་མ་འོངས་པར་བློ་གཏད་མེད་པའི་ཨ་མ་སྒྲོལ་མ་འཚོས་གཉོར་སྐྱོང་བྱེད་དགོས་པས། ངས་བུ་མོ་ཁྱོད་རང་མ་འོངས་པར་ལེགས་ལམ་དུ་མི་འགྲོ་བར།ལོག་ལམ་གྱི་གྲིབ་གཟུགས་ཕོག་ཨེ་འགྲོ་འདོད། ཁྱོད་རང་ནར་སོན་ནས་སློབ་གྲྭ་འགྲིམས་དུས། ཉེ་འགྲམ་གྱི་མི་དག་གིས་ཁྱོད་ལ་ཕ་མ་གཉིས་ཀྱི་ངོ་མཚང་འདྲི་སྲིད་དམ། རྒྱུ་མཚན། ཕ་མ་ནི་བྱིས་པ་ལ་མཚོན་ན། མེ་ལོང་ལྟ་བུ་ཞིག་ཡིན་པས། ཕ་སྐྱག་གཟན་རྡོ་རྗེ་དང་མ་མགོ་སྟོང་སྒྲོལ་མ་འཚོ་གཉིས་ཀྱིས་ཁྱོད་ལ་ཚེ་སྲོག་བྱིན་ཡང་། ཕ་མ་བཟང་བོ་ཞིག་གི་ཚད་ཐིག་དུའང་མི་ཡོང་བས། ཁྱོད་ཀྱིས་མ་འོངས་པར་དྲོད་ཁོལ་འཁྱིལ་བའི་བདེ་སྐྱིད་ཀྱི་ཁྱིམ་ཚང་ཞིག་གི་ཚོར་བ་རྙེད་དཀའ་ལ། ཕ་འཛོམས་མ་འཛོམས་ཀྱི་བརྩེ་བའང་ཚོར་ཐུབ་བྲལ། ངས་བསམ་བློ་གང་མང་བཏང་ན་ཡང་། སྒྲོལ་མ་འཚོ་དང་དགའ་རོགས་རྡོ་རྗེ་གཉིས་ལ་གུ་ཡངས་གཏོང་མི་འདོད། ཨ་མ་སངས་རྒྱས་འཚོ་ཡིད་ལ་འཁོར་ཐེངས་རེར་དང་བུ་མོ་ཆུང་ཆུང་འོད་ཟེར་འཚོའི་ལས་དབང་དྲན་ན། སྙིང་རྗེ་དང་དྲིན་གཟོ་ཟེར་བ་ཞིག་གཏན་ནས་མི་འདུག མ་མཐའ་ཡང་། བུ་མོ་ཆུང་ཆུང་དེ་བསམ་ན་ཡང་། མི་སེམས་ཟེར་བ་ཞིག་གཏན་ནས་མི་འདུག ཁོ་གཉིས་ནི་མི་གཅིག་ལས་གྲུབ་པ་བཞིན་འགྲོ་འདུག་སྤྱོད་གསུམ་དང་བསམ་ཁ་འཁྱེར་ཕྱོགས་ཚང་མ་གཅིག་པ་གཅིག་རྐྱང་རེད། འཇིག་རྟེན་ཁ་དཔེར། སྨྱོན་པ་སྨྱོན་པ་འགྲོགས་ན། སྨྱོ་ཞད་དྭངས་ཟེར་ཡང་། ཁོ་གཉིས་ནི་སྨྱོན་ཆུ་འཐུང་བ་ལྟར། སྐྱོབ་ཐབས་ཡེ་ནས་མི་འདུག བདེན་དེ། ཁོ་གཉིས་ལས་ངས་རང་གི་ཉེ་འཁོར་གྱི་དེ་དང་ཆ་འདྲ་བའི་དོན་དག་མང་བོ་ཞིག་རྣ་བར་དུ་ཞགས་ཡོང་། དེ་དང་གཅིག་མཚུངས་ཀྱི་བྱིས་པ་མང་བོ་ཞིག་གི་ལས་དབང་མིག་ལམ་དུ་ཤར་ཡོང་། མཆོད་རྟེན་དཀར་པོ་འགྲོགས་ན་དཀར་པོ། །ཟངས་ང་ནག་པོ་འགྲོགས་ན་ནག་པོ། །གང་ཞིག་རི་ལ་གསེར་གནས་ན་དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་འགྱུར། །གང་ཞིག་རི་ལ་དུག་གནས་ན་དེ་ཡི་འདབ་ཆགས་ཐམས་ཅད་དུག་དུ་འགྱུར། །ཟེར་བ་ཅི་མ་བདེན། གང་ལྟར་མི་གཤིས་ཀྱི་སྡང་ས་དང་གུ་ཡངས་བཟོད་ས་དེ། དོན་ངོ་མར་ང་ཚོས་ཅི་འདྲ་ཞིག་གི་ངོས་ནས་ལེགས་ཉེས་འབྱེད་དགོས་སམ།
ཡོང་ཁུངས། མཚོ་སྔོན་པོ་དྲ་བ།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10