ལུགས་ལྡོག་གི་ཕྲེང་བར་བསྟར་པའི་དྲན་འཆར། གུ་རུ་རྒྱལ་མཚན།

        2025-05-29

༄༅། །ལུགས་ལྡོག་གི་ཕྲེང་བར་བསྟར་པའི་དྲན་འཆར།(གཞན་གཅིག) གུ་རུ་རྒྱལ་མཚན། ཨ་ཡིག་མཚན་མེད་ཡིན་མིན་ཆང་ཁར་རྩོད། ། ཧ་ལམ་ལོས་བདེན་འདོད་སྤྱད་སྒྲུབ་བྱེད་འདྲེན། ། ཨ་ཆུང་ཤད་གོང་ཕྱི་ཚེག་དགོས་མིན་རྩོད། ། ཧ་ལམ་ལུང་གི་རྒྱབ་རྟེན་ངག་སྒྲོན་འཇོག ། ས་གཅོད་བླ་མ་ཞེས་ཏེ་གཤེ་བ་མང་། ། ཤ་ཚས་དཔྱོད་པ་ཉིན་མའི་སྐར་མར་འགྲན། ། ལ་ཡང་སྔ་ཕྱིར་རྩོད་པ་ལན་འགའ་བྱུང་། ། ར་བཟི་ལྟར་བཤད་ཁུངས་མེད་འགའ་ཡང་སྣང་། ། ཡ་ཆུང་གཏམ་གྱི་རོལ་མོ་དཀྲོལ་མཁས་ལ། ། འ་འེབ་བཙལ་ནས་སུན་འབྱིན་སྦྱོར་བ་རྩོམ། ། ཟ་ཟུར་རེ་ནས་རྨག་མེད་རྡོ་བ་བསྒྲུགས། ། ཞ་ཞོར་སྒྲོ་འདོགས་ཙམ་རེ་གཤིས་སུ་ཆགས། ། ཝ་སོགས་མོ་ཡིན་དེ་ལུགས་ཅིའི་ཕྱིར་ན། ། ཛ་ཛོལ་མེད་པར་ཤེས་པ་ཁེགས་ཙམ་གདའ། ། ཚ་ལ་ཚིག་གྲོགས་བཅུ་ཙམ་ད་དགོས་ན། ། ཙ་གེ་ཙིག་གེ་མི་འགོར་དེ་ཡང་དཀོན། ། མ་ནིང་མོ་དང་མོ་གཤམ་ཤིན་ཏུ་མོ། ། བ་སོགས་བདག་སྒྲ་ཡང་ན་མིང་མཐའ་སྟེ། ། ཕ་ཡི་རིག་བཅུད་འདི་དག་བུར་བརྒྱུད་ཚེ། ། པ་སངས་བསམ་པས་སྤེལ་བ་ག་ཙམ་ཡོད། ། ན་ཁུང་སྦལ་བས་མཐོང་བའི་མཁའི་ཁྱོན་དུ། ། ད་རེས་ཚིམ་པས་སྡོད་པ་མི་ལེགས་པས། ། ཐ་མར་ཉེན་ཁའི་སྐད་ཡིག་སྐྱེ་འཆི་ལ། །  ཏ་སྟེའུ་བཞིན་དུ་ཡོན་ནས་ག་ལ་འདུག ། ཉ་མོ་ཆུར་འཇུག་ཚུལ་གྱིས་དཔྱད་ལེགས་ན། ། ཇ་ཆང་ཁོ་ནས་འདའ་བའི་སྐབས་ཤིག་མིན། ། ཆ་ལུགས་ཙམ་གྱིས་བསྒྱུར་བ་དཀའ་ན་ཡང་། ། ཅ་རིལ་ལྟ་བུའི་སྲོག་རྩ་ཀ་ཁའོ། ། ང་རང་ཆེན་པོ་སྨྲ་བ་ག་ལ་ཡིན། ། ག་དུས་འཐོམ་སྦྲིད་འགའ་ལ་ཞེ་མེར་ནས། །  ཁ་ནས་བཤད་པ་སེམས་ཀྱང་རྗེས་སོང་ནས། །  ཀ་ཁ་མི་སྦྱངས་བོད་ལི་ཆ་རེར་སྤྲིངས། ། སྐྱེས་སྐར།  ཀ་ར་སྤྲི་གོར་མང་ཉོས་ཤིང་། ། ཁ་མལ་གཅིག་ཏུ་འདུས་བྱས་ཏེ། ། ག་ཆད་སྒྲ་དང་བཅས་པ་ཡིས། ། ང་ཚོས་ང་ཡི་སྐྱེས་སྐར་རོལ། ། ཅ་ཅོའི་འདུ་འཛི་རྒོད་པའི་ཁར། ། ཆ་མེད་བུ་མོ་འགའ་ཡང་བོས། ། ཇ་ཆང་བཟི་བའི་མཐའ་མ་ལ། ། ཉ་ཉོག་གཏམ་ཡང་ཇེ་མང་སོང་། ། ཏ་ལེན་བོད་སྐད་ཡིན་མིན་གྱིས། ། ཐ་སྙད་ཚིག་ལ་གུང་བསྒྲིག་སྟེ། ། ད་རེབ་བུ་མོའི་མཐོང་ས་རུ། ། ན་གཞོན་ཤེས་མདོག་ཚ་པོ་བསྟན། ། པ་པོ་བདག་སྒྲར་ཁྱབ་མིན་གྱིས། ། ཕ་མེས་བློ་ཡི་ཟབ་ཚད་གླེང་། ། བ་ཡིག་མིང་མཐའ་ཡིན་མིན་གྱིས། ། མ་བསམ་ས་ནས་སྤོ་ཡང་བསླངས། ། ཙ་ཡིག་སྐྱེ་གནས་ཅི་ཡིན་པ། ། ཚྭ་ཁུའི་ཚུལ་གྱིས་ཡར་མར་བཤད། ། ཛ་ཡའི་གསུང་རབ་འགྲེལ་ཁུལ་གྱིས། ། ཝ་ལེར་བཀུར་ཙམ་ཨེ་འཐོབ་རེ། ། ཞྭ་མོ་ཟུར་གོན་འགའ་ཞིག་ནི། ། ཟ་འཕྲུག་མེད་མདོག་བསྟན་ན་ཡང་། ། འ་འེབ་བཙལ་ནས་མོ་མདུན་བཅར། ། ཡ་ལན་མ་བཏབ་ཐབས་ཟད་གྱུར། ། ར་བཟིར་གྱུར་པའི་གྲོགས་པོ་འགའ། ། ལ་མ་ལངས་ནས་འགྲོ་ཐབས་བྱས། ། ཤ་ཚ་ཆེ་བའི་མོ་ཞིག་གིས། ། ས་རུབ་དེ་ལྟར་མི་རུང་ལབ། ། ཧ་ལས་སྨག་ནག་འདི་འདྲ་ལ། ། ཨ་ཅང་ཉེན་ཁ་ཆེ་སོགས་བཤད། ། ཧ་ཧ་སྔ་མོར་སད་དུས་སུ། ། ཨ་བུ་ང་ཉིད་སྔར་གནས་ལུས། །


ཡོང་ཁུངས། མཚོ་སྔོན་པོ་དྲ་བ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:དྲན་ཤིང་ནང་གི་ལས་དབང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།