གསང་ཚིག།

        2025-05-22

ཉི་འོད་ལམ་ལམ་འཚེར་བའི་དབྱར་གཞུང་ཞིག་ལ།། 

ནོར་ལུག་རི་ལ་བཀྲམ་པའི་ལུང་ཆུང་དེ་ནས། ། 

ཐོག་མར་ངོ་ཟི་འཕྲད་ནོ་གསང་བ་ལོས་ཡིན། ། 

མཉམ་དུ་ལབ་གླེང་བྱས་ནོ་དེ་ལས་ཅི་བཤད།། 


སྐྱིད་མ་སྡུག་གི་འཇིག་རྟེན་དཀར་ངོགས་འདི་ནས། ། 

སོ་སོར་ངོ་ཟི་ཤེས་པའི་དུས་ཚིགས་དེ་ནས། ། 

ཐུག་འཕྲད་ཡང་ཡང་འདོད་ནོ་གསང་བ་ལོས་ཡིན། ། 

གསང་བའི་འཕྲིན་པ་བཏང་ནོ་དེ་བས་ཅི་བཤད། ། 


ཟླ་བའི་ཞལ་མདངས་གསལ་བའི་མཚན་མོ་ཞིག་ལ།། 

འཛད་མེད་དལ་གྱིས་བཞུར་བའི་ཆུ་འགྲམ་དེ་ནས། ། 

མགོ་བོར་ཕྲག་པར་གླན་ནོ་གསང་བ་ལོས་ཡིན། ། 

ལྷན་འཛོམས་ཁ་ཆད་བཏབ་ནོ་དེ་ལས་ཅི་བཤད། ། 


ཕ་ལོ་མ་ལོའི་ཁ་དབང་བཙན་པོའི་འོག་ནས། །

རང་གི་ན་ཟླའི་ཁྲོད་ཀྱི་ཕྲག་དོག་བར་ནས། །

ཕན་ཚུན་ཚིག་གསུམ་གླེང་ནོ་གསང་བ་ལོས་ཡིན། །

ཚེ་གཅིག་གཏན་གྲོགས་འདོད་ནོ་དེ་བས་ཅི་བཤད། །


ཆར་བ་ཟིམ་ཟིམ་འབབ་པའི་མཚན་ལྗོངས་ཞིག་ལ།། 

སྒོ་ཁྱིའི་ཟུག་སྒྲ་མོད་པའི་འབྲོག་ལྷས་དེ་ནས། ། 

ཞག་གཅིག་མལ་དུ་འཛོམས་པ་གསང་བ་ལོས་ཡིན།། 

འགྲམ་པར་འོ་ཟི་བྱས་ནོ་དེ་ལས་ཅི་བཤད་། །


རྩོམ་པ་པོ། སྨྱུག་ཞེན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:སྐྱོ་བའི་གཞས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།