མདོ་ཁམས་དབྱིག་འཛིན་སྒེག་མོའི་སྣོད་བཅུད་ ཀྱི་འཕེལ་རྒྱས་ལ་བསྔགས་པ།

ཨ་འབུམ་བློ་བཟང་དམ་ཆོས།        2025-05-16

ཟླ་ཤེལ་ཁ་བའི་རི་ཚོམ་ཕྲེང་བསྒྲིགས་པའི། ། 

ཡན་ལག་བརྒྱད་ལྡན་ཆབ་ཀྱིས་མཛེས་པའི་ལྗོངས། ། 

འབྱོར་ཕྱུག་ལོངས་སྤྱོད་དར་བའི་མདོ་ཁམས་པའི། ། 

སྣོད་བཅུད་དགེ་མཚན་གསར་པའི་རི་མོ་དགོད། ། 


མཛེས་མཛེས་གངས་དཀར་རི་བོའི་སྙན་གྲགས་དང་།། 

བརྗིད་བརྗིད་བཞག་བྲ་གནམ་ལྕགས་འབར་བའི་ཀ །། 

ལེགས་ལེགས་མདོ་ཁམས་འཛིན་མའི་རྒྱན་གཅིག་ཅེས།། 

ཡང་ཡང་གོ་ལའི་ཁྱོན་དུ་སྙན་པ་འབར། ། 


མི་རིགས་སློབ་གསོའི་ཡལ་འདབ་རབ་རྒྱས་ཤིང་།། 

ཚོང་ལས་དཔལ་འབྱོར་འབྲས་བུ་གཡུར་ཟ་བའི།། 

ཏང་སྲིད་རྩ་བ་རབ་བརྟན་འདོད་དགུའི་ཚལ།། 

མདོ་ཁམས་དབྱིག་འཛིན་སྒེག་མོའི་ཁྱོན་ན་རྒྱས།། 


རྒྱལ་ཁྲིམས་གསེར་གྱི་ཉི་མ་སྙོམས་པོ་ཡིས།། 

བཙན་གཉོམ་དབུལ་ཕྱུག་སྡུག་བསྔལ་མུན་པ་སངས།། 

ཐབས་ཤེས་དཔུང་པ་བརྟན་པོའི་རང་ཁྱིམ་དུ།། 

བདེ་སྐྱིད་གླུ་སྒྲས་ཁེངས་འདི་སྨོན་པའི་ཡུལ།། 


རྫ་ཆུ་སྔོན་མོའི་ལྷུང་ལྷུང་འགྱུར་ཁུག་ཁྲོད།། 

དུས་རབས་གསར་པའི་འཕྲིན་གྱི་ལང་ཚོ་རྫོགས།། 

རྒྱལ་མོ་རྔུལ་ཆུའི་རླབས་རྒྱུན་དྲག་པོ་ཡིས།། 

འབྱོར་འབྲིང་སྤྱི་ཚོགས་གསར་པའི་དཔལ་ཡོན་མངོན།། 


གནའ་དུས་སྙན་པའི་བ་དན་མ་རྙིང་པ།། 

འདབ་པའི་ཉི་སྟེན་དཀར་མཛེས་གེ་སར་མཁར།། 

དེ་བཞིན་གནས་མཆོག་གསེར་རྟ་སྡེ་དགེ་སྟེ།། 

རྒྱང་རིང་སྐུ་མགྲོན་ཚེ་གཅིག་དྲན་ཤིང་ཉིད། ། 


ལྷོ་རྒྱུད་འཛིན་མའི་གྲོང་གི་རྒྱན་གཅིག་སྟེ།། 

མཁའ་དབྱིངས་གྲོང་ཁྱེར་ལི་ཐང་གཙོ་བྱས་པའི།། 

ས་ལ་རིན་ཆེན་གནམ་ལ་སྤྲིན་དྭངས་པའི།། 

ལྷ་ཡུལ་ས་ལ་འཕོས་འདྲའི་གནས་མཆོག་མང་།། 


ཀ་མ་ལ་ལྟར་བཞིན་རས་རབ་མཛེས་ཤིང་།། 

ཁ་སྒོ་སྐྱེ་འབྲས་ངོ་མཚར་རྒྱན་བཀླུབས་པའི།། 

ག་ལེར་སྒེག་པའི་ཉམས་ལྡན་བུ་མོ་སྟེ།། 

ང་དང་ཁྱོད་ཀྱི་ཚེ་གཅིག་དྲན་ཤིང་ཉིད།། 


ཅ་ནོར་རིན་ཆེན་ནོར་བུའི་རྒྱན་འཆང་ཞིང་།། 

ཆ་བྱད་སེང་ཆེན་གཞོན་ནུའི་ཉམས་རྫོགས་པའི།། 

ཇ་རྒོད་ལུས་རྒྱས་ཁམས་པའི་ཕོ་རྒོད་དེ།། 

ཉ་གང་ཟླ་བའི་དཔལ་ཡང་འཕྲོག་པ་ཡོད།། 


ལ་ལ་དབྱངས་བདུན་རྫོགས་པའི་བསྟོད་གླུ་ལེན།། 

ལ་ལ་དུངས་བརྗོད་ཟབ་མོའི་སྙན་ངག་འབྲི།། 

ལ་ལ་ལང་ཚོའི་མེ་ཏོག་མ་ཟད་བར།། 

ལ་ལུང་འདི་ཡི་ལས་དོན་ཆེད་དུ་འབད།། 


མཐུན་སྒྲིལ་གསེར་གྱི་ཨ་ལོང་བསྒྲིལ་བའི་དབུས།། 

སྲིད་འབྱོར་རིག་གསུམ་གཡང་གི་མཚོ་མོ་འཁྱིལ།། 

བདེ་སྐྱིད་རྫོགས་ལྡན་གསར་པའི་རྣམ་པ་འདི།། 

རླབས་ཆེན་ཕུགས་འདུན་གསར་པའི་རྒྱལ་ཁ་དངོས།། 


གྲོང་དང་གྲོང་ཁྱེར་སྐར་ཚོམ་བཞད་པའི་དབུས།། 

ཡ་མཚན་གློག་གི་སྒྱུ་འཕྲུལ་མངོན་མཛེས་ཤིང་།། 

ཚོང་ཟོང་གྲ་རྒྱས་འབྱོར་ཕྱུག་དར་བ་ཡིས།། 

མིག་སྐྱའི་གྲོང་ཡང་གནོངས་པའི་གནས་སུ་བཀོད།། 


དངོས་སུ་མཐོང་ཞིང་མྱོང་བའི་རྣམ་པ་དག ། 

བཅོས་མའི་ཚིག་གི་ཡོལ་བས་མ་བཀབ་པར།། 

རང་བཞིན་དྲང་པོར་བརྗོད་པའི་བསྔགས་ཚིག་འདི།། 

བློ་གསལ་རྣམས་ལ་དགའ་བ་རྒྱས་ཕྱིར་ཕུལ།། 


དཀར་དཀར་གངས་ཀྱིས་རབ་མཛེས་མདོ་ཁམས་ཀྱི།། 

སྣོད་བཅུད་ལེགས་ཚོགས་ཡར་ངོའི་ཟླ་ལྟར་འཕེལ།། 

སྲིད་འབྱོར་རིག་གསུམ་ནོར་བུའི་འོད་སྣང་གིས།། 

དུས་རབས་གསར་པའི་ཕུགས་འདུན་མངོན་འགྱུར་ཤོག།


རྩོམ་པ་པོ། ཨ་འབུམ་བློ་བཟང་དམ་ཆོས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:དཀར་མཛེས་ནོར་འཛིན་སྒེག་མོའི་ཡོན་ཏན་བརྗོད་པ་ཏམྦུ་རའི་རང་སྒྲ།
  • ལེ་ཚན་རྗེས་མ།:ང་དང་དཀར་མཛེས། དཀར་མཛེས་དང་སྣང་ས།