ཨ་འབུམ་བློ་བཟང་དམ་ཆོས། 2025-05-16
ཞིང་འབྲུ་དྲུག་གསེར་གྱི་སྙེ་མ་འོད་ཟེར་ཕྲག་བརྒྱ།། ཤིང་གསོམ་ཤིང་སྐུ་ལུས་གཡོ་ཞིང་ཡང་ཡང་ལྡེམ་ལྡེམ།། ངག་གྲེ་སྙན་ཁུ་བྱུག་གླུ་མའི་གསུང་སྙན་ལྷང་ལྷང་།། དགུང་བར་སྣང་སྟེང་ལས་སྦྲང་ཆར་ཟམ་ཟིམ་འཇོ་བཅས།། ཧོར་དཀར་མཛེས་འདི་ལ་འབྱོར་བའི་སྙན་ངག་སྨྲ་བ།། ཚིག་སྒྲ་དབྱངས་རོལ་མོས་ཕྱོགས་ཀྱི་ཞབས་བྲོ་དགུ་རྡུང་།། རབ་གཙང་བ་ལྟེང་ཀ་མཚེའུའི་བཀོད་པ་དུ་མ།། མཁར་རེ་རེའི་རྩེ་ན་རུ་དར་རྔ་ཆེན་རྡུང་ངམ།། འོད་ཟ་ཟི་འཇའ་འོད་འབུམ་ཕྲག་དུས་གཅིག་ཤར་ས།། ཁོང་ན་ཆུང་གཞོན་ཞིང་ལང་ཚོ་མཛེས་མཛེས་ཡག་པ།། རྡོ་གཅིག་གཞུས་ཤིང་རྩེའི་སྡོང་ལོ་སེར་པོ་བརྒྱ་འཐོར།། ཤིང་ལོ་མ་གོ་དགུ་བཞུགས་ཤིག་ལོ་མ་གཅིག་འཁྱེར།། གཞན་ཤིང་རྩེའི་ལོ་མ་གསེར་གྱི་མདངས་ལས་མཛེས་ཀྱང་།། ངས་གཅིག་ལས་མི་གདམ་གཞན་དག་གཡས་འཁྱིལ་བཀྲ་ཤིས།། ཁྱེད་ཤུལ་བཞུགས་གསེར་གྱི་ལོ་མ་གོ་དགུ་དག་ལ།། ངས་ཤུལ་གྱི་གླུ་འཇོག་འདི་ཀོ་རང་བཞིན་གཅེས་སམ།། གླུ་སྙན་མོ་དགུ་འགྱུར་ལེན་འདོད་ངག་ལ་བཀུག་སྟེ།། ཚིག་ཐོལ་འགྱུ་སྐད་གདངས་ཡར་ཡར་ཡར་ལ་བཀྱགས་དུས།། ཕར་བལྟས་པའི་མོད་ལ་སྔར་ནས་འདྲིས་འདྲིས་ཆེ་འདྲའི།། མི་ངོ་ཤེས་ཤིག་གི་བྱད་བཞིན་མ་མཐོང་མཐོང་འདྲ།། ལར་ད་ལྟ་བསགས་པའི་བསོད་ནམས་ཕྲ་མོས་རྙེད་པའི།། རང་ཆེས་ཆེར་དགའ་བའི་སྙིང་གྲོགས་སྣང་ས་གཡུ་སྒྲོན།། ད་མགུར་མ་མི་ལེན་ཞིམ་པའི་བདུད་རྩི་རོལ་ཞོར།། སེམས་མེ་ལོང་ནང་ལ་ཡང་ཡང་ལན་གསུམ་ལྟ་ཨང་།། ཁྱོད་འཁྲུངས་ས་འབྲོག་ཐང་སྐྱིད་པའི་གཡུ་ཐང་དེ་རེད།། ང་སྐྱེ་ས་འབྲོག་གནས་བྱང་ཕྱོགས་གངས་ཀྱི་རྫ་འདབས།། ལར་ད་རེས་ས་ཞིང་འབྲས་བཟང་དཀར་མཛེས་ལྗོངས་སུ།། སྟབས་གཅིག་བྱུང་མཇལ་བ་ངོ་མཚར་ཆེ་བ་འདུག་གམ།། ཆང་བདུད་རྩི་བཞེས་ན་ཧུབ་གཅིག་ངང་ལ་རོལ་བའི།། གྲོགས་སྣང་ས་གཡུ་སྒྲོན་ཆང་མ་ཙུག་ཅིག་རེད་གདའ།། ཆང་ཞིམ་དགུའི་ངོ་ངར་ཧུབ་འཐུང་མགྲིན་པ་མེད་པའི།། མི་ང་རང་སྙིང་རྗེ་ཆང་ཚབ་ཇ་འཇལ་བྱས་ཡོད།། ༼ ཆོས་འབྱོར་རྒྱ་མཚོ། ༽
རྩོམ་གསར། 10