རྒྱལ་མོ་ཚ་བ་རོང་། ༼གླུ་ཚིག༽

        2025-04-30

རྒྱལ་མོ་ཚ་བ་རོང་། ༼གླུ་ཚིག༽
                                  རྒྱལ་ལྡོང་ཨོ་རྒྱན་དོན་གྲུབ།


ཞང་ཞུང་ནས་མཆེད་སོང་།   རྒྱང་རིང་ལ་མཆེད་སོང་།
ཞང་ཞུང་གི་སྒོ་རུ་ཆགས་ཡོད།  བོད་རྒྱལ་མོ་ཚ་བ་རོང་།
བཙན་པོའི་མངའ་ཐང་མཐའ་ལ་བསྐྱེད་སོང་།  རྒྱང་ལ་བསྐྱེད་སོང་།
བོད་ཆེན་པོའི་གནམ་མཐའ་ཀ་བ་བཞིན་འདེགས་འདུག
གདོང་དམར་བོད་ཀྱི་རུས་རྒྱུད་དག་མ།
ཨོ།   རྒྱལ་མོ་ཚ་བ་རོང་།   བོད་རྒྱལ་མོ་ཚ་བ་རོང་།

ཚ་རོང་ན་ཆགས་སོང་།  ཤར་ཕྱོགས་ལ་ཆགས་སོང་།
ས་དོག་མོའི་འགག་ལ་ཆགས་ཡོད།  བོད་རྒྱལ་མོ་ཚ་བ་རོང་།  
རྒྱལ་མོ་རྔུལ་ཆུ་རྒྱང་ལ་བཞུད་སོང་།  རིང་དུ་བཞུད་སོང་། 
བོད་ཆེན་པོའི་ས་ཆེན་སྐ་རགས་བཞིན་བསྡམས་འདུག
སྐུ་རྒྱལ་བོད་ཀྱི་གདུང་རྒྱུད་འཁྲུལ་མེད།
ཨོ།  རྒྱལ་མོ་ཚ་བ་རོང་།  བོད་རྒྱལ་མོ་ཚ་བ་རོང་།
  
མཁར་རྫོང་དེ་མཐོ་སོང་།  བྲག་རི་དེ་བརྗིད་སོང་།  
རང་སྐད་ཀྱི་བཙན་ས་ཟིན་ཡོད།  བོད་རྒྱལ་མོ་ཚ་བ་རོང་།  
རྒྱལ་ཁག་བཅོ་བརྒྱད་སྟོབས་ཀྱིས་འགྱིང་ཡོད།  རབ་ཏུ་འགྱིང་ཡོད།  
བོད་བཙན་པོའི་དབྱངས་གསལ་རུས་རྐང་དང་འདྲེས་འདུག
ཁ་བ་བོད་ཀྱི་ཁྲག་རྒྱུན་དྭངས་མ།  
ཨོ། རྒྱལ་མོ་ཚ་བ་རོང་། བོད་རྒྱལ་མོ་ཚ་བ་རོང་།  


  • ལེ་ཚན་སྔོན་མ།:སྙིང་ཆུང་གི་ལོ་མ།
  • ལེ་ཚན་རྗེས་མ།:དཀར་མཛེས་ནོར་འཛིན་སྒེག་མོའི་ཡོན་ཏན་བརྗོད་པ་ཏམྦུ་རའི་རང་སྒྲ།