སྣ་ཚོགས་པིར་གྱིས་ བྲིས་པའི་ལྷ་མོ།

༼ ཁམས་ཟླ་སྲས། ༽        2025-11-12


འཆར་ཡན་ཀུན་རྟོག་གི་སྣང་བའི་རི་སྒང་དེ་ན།།

མ་བཅོས་འཛུམ་ཞལ་གྱི་ལང་ཚོའི་

མེ་ཏོག་འབུས་པའི།།

རྒྱལ་ཀུན་གསུང་ངག་གི་མཁྱེན་པའི་

རྣོ་ཁ་ཡངས་པའི།།

ལྷུན་རྫོགས་སྙིང་རྗེ་ཡི་བདག་མོ་ཤེས་རབ་ལྷ་མོ།།

ཆོས་དབྱིངས་སྒྱུ་འཕྲུལ་གྱི་གཟིངས་

ལ་ཕེབས་རྒྱུ་བྱུང་ན།།

ཡན་ལག་ཆུ་གཙང་གི་འགྲམ་དུ་

ཐུགས་འཕྲད་བྱུང་ན།།

དགེ་ལེགས་ཉིན་བྱེད་ཀྱི་ཟེར་མ་

ཀུན་ནས་འཕྲོ་བའི།།

མ་ཅིག་ཚངས་སྲས་ཀྱི་དགའ་མ་

སྙིང་ནས་འབོད་དོ།།

ཐུགས་བསྐྱེད་ལྷག་བསམ་གྱིས་

གངས་རིའི་གནམ་ས་སྒུལ་དུས།།

བྱམས་བརྩེའི་འཁྲི་ཤིང་གི་ཡལ་

འདབ་ཀུན་ནས་མཛེས་པས།།

ངག་རིག་འགྱུར་ཁུགས་ཀྱི་མགྲིན་པའི་

རྩ་མདུད་གྲོལ་བའི།།

སྲོལ་རྒྱུན་སྙན་ངག་ལ་འབད་མཁན་

ཇེ་མང་ཡིན་ཚོད།།

དཀར་གསལ་ཟླ་འོད་ཀྱི་མཛེས་པའི་

གུར་ཁང་ནང་ལ།།

མ་བཅོས་ལྷུན་རྫོགས་ཀྱི་མཛེས་པའི་

གར་སྟབས་ངོམས་དུས།།

ཀུན་གྱིས་མེ་ཏོག་གི་མཆོད་པ་

ཡུན་དུ་འཐོར་བའི།།

མཁའ་འགྲོ་མཛངས་མ་ཡི་བཞིན་

རས་ལྷུག་པར་གྲོལ་ཡོད།།

འདི་ན་མཁས་མང་གི་སྒྱུ་སྐར་

ཕྲ་ཚོམས་བཞད་པའི།།

དེའི་སྨོན་ངག་རིག་གི་གླུ་དབྱངས་

གྲངས་ལས་འདས་ཀྱང་།།

བདག་གིས་སེམས་འདུན་གྱི་

ཕུགས་ལ་རེ་བ་གཏད་དེ།།

གཏན་དུ་རྒྱང་འབོད་ཀྱི་དུང་དཀར་

འབུད་མཚམས་མ་བཞག།

ལྗགས་ཡངས་ཁུ་བྱུག་གི་གསུང་སྙན་

ཤར་ནས་གྲག་དུས།།

མཆོག་ཐུན་དངོས་གྲུབ་ཀྱི་བདུད་

རྩིའི་བུམ་པར་བསམས་ཏེ།།

ཞལ་དཀྱིལ་གསེར་སྲང་གི་གཟི་འོད་

ཉམས་པ་མེད་པའི།།

རྒྱལ་དང་དེ་སྲས་ཀྱི་མཆོག་གྱུར་

ཚངས་པའི་སྲས་མོ།།

འདུས་མཐའ་འབྲལ་བ་ཡི་

འཇིག་རྟེན་མི་ཡུལ་འདི་ལ།།

རེ་སྐྱིད་རེ་སྡུག་གི་སྙིང་པོ་ཏིལ་

ཙམ་དབེན་ཡང་།།

ཚེ་སྔོན་སྨོན་ལམ་གྱི་ཞགས་པས་

གཅིག་ཏུ་སྦྲེལ་ཏེ།།

མི་ཡི་མགྲོན་པོ་ལ་ཕེབས་པར་

ལས་བདའ་ཅི་བྱེད།།

སྨན་ཤར་ཁྲི་འབུམ་གྱི་དྭངས་པའི་

ཡང་རྩེར་ཁྱེད་ཡོད།།

མི་ཚོགས་ས་ཡ་དེའི་དད་པའི་

སྤྱི་བོར་ཁྱེད་ཡོད།།

ངག་རིག་ཚིག་ཚོགས་ལ་མོས་པའི་

སྐྱེ་བོ་ཀུན་གྱིས།།

ཚེ་ཡི་སྙིང་སྲོག་དེ་ཁྱེད་ལ་

མགོ་འབུལ་ལུས་འབུལ།།



  • ལེ་ཚན་སྔོན་མ།:ཚེ་སྲོག་དང་འབོད་ པ་གསར་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།