གཟི་ནག་པོའི་སྙན་ངག་བདམས་བཀོད།

        2024-12-31

གཟི་ནག་པོའི་སྙན་ངག་བདམས་བཀོད།
      
གཟི་ནག་པོའི་སྙན་ངག་བདམས་བཀོད།

སྙུག་མིང་ལ་གཟི་ནག་པོར་འབོད། ༢༠༠༠ལོར་ཁམས་ཀྱི་སྨད་རྒྱུད་ཅིག་ནས་རོང་འབྲོག་འདྲེས་མའི་ཡུལ་སྡེ་ཞིག་ཏུ་སྐྱེས། བརྩམས་ཆོས་མང་པོ་ཞིགཁམས་པའི་ཚགས་པར།》《སྐྱ་རེངས་ཚགས་པར།》《གཞིས་ཀ་རྩེའི་ཚགས་པར།》《མཐོང་གྲོལ་དྲ་བ།》 《རྒྱལ་ཡོངས་ས་ཆེན་དྲ་བ།》 《ཁམས་པའི་དྲ་བ།》《རིག་མཛོད་ལོ་དེབ།བཅས་དྲྭ་ཚིགས་དང་དུས་དེབ་མང་པོའི་སྟེང་དུ་བཀོད་མྱོང་། ད་ལྟར་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་གྱི་ཞོར་དུ་རྩོམ་རིག་གསར་རྩོམ་ལས་ལ་ཞུགས་བཞིན་ཡོད་ཅིང་། དཀར་མཛེས་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན།

 

1 ཞེད་སྣང་།

དོག་གཞི་བྲལ་བའི་ཐ་སྙད་རེ་ཟུང་ལ

ཉིན་མཚན་གྱི་དབྱེ་བ་བྲལ་ཏེ

བསམ་གཞིགས་ཀྱི་ཕོན་པོ་སྤུང

 

ནང་སེམས་ཀྱི་གཏིང་ངོས་སུ

ཀུན་པོ་མཚོན་བྱེད་ཀྱི་རྡོ་རིང་དེ

འཇིག་པར་དོགས་ཏེ་ལོ་ཟླ་ཡོལ

 

དེ་ཡང་འཁྱག་སྣང་ཞིག་གིས་བཀང་བས་མ་ཚད

ཁོའམ་མོ་ཞེས་རྩོད་གླིང་བྱས་མཐར

སོ་སོའི་གཞིས་ཀ་དེར

རྒྱལ་ཁའི་དར་ཆ་སྒྲེང

 

དོན་དངོས་ལ་ལྷད་ཀྱིས་མ་གོས་ཤིང

དགོངས་དག་ཞུ་འོས་ཀྱང

འུ་ཅག་ནི་ནམ་ཡང་མགོ་འཕང་མཐོན་པོ་ཡིན་སྐད

སོ་སོའི་བདེན་དཔང་གི་ཐ་སྙད་བཙལ

 

2 གངས།

རྡོག་པས་ཚེ་ཕྱེད་མ་ཐེབས་པའི།།

རྨི་ལམ་ཁྲོད་ཀྱི་དབུས་རི་དེ།།

ཚེ་འདིའི་རྒྱུད་སྐུད་ཕྲ་མོའི་སྟེང་།།

ལན་གཅིག་མཇལ་འཛོམ་བྱུང་བའི་ཚེ།།

བདག་ཡིད་པད་མའི་ཟེ་འབྲུ་ལ།།

མཛེས་པས་རྒྱགས་པ་མེད་ན་ཡང་།།

སྒྱུ་འཕྲུལ་ལས་གྲུབ་ཕོན་པོ་དེ།།

ཡིད་དབང་མགུ་བའི་གསོ་བྱེད་ཡིན།།

 

ཡིན་ཡང་དུབ་པའི་དབང་བོའི་ཚོགས།།

བདག་ལ་དབང་མེད་ཉག་གཅིག་ཏེ།།

ལས་སུ་བརྐོས་པའི་ཆེན་པོ་ཡིས།།

ཐམས་ཅད་རྒྱ་རུ་ཚུད་པར་བྱས།།

འོན་ཏང་དྲི་མེད་མེ་ལོང་ངོས།།

ཁྱེད་རང་ཧ་ཅང་བརྗིད་ཆག་ཅིང་།།

སྡུ་གུ་ཞིག་གིས་བཀང་བས་ན།།

རེ་ཞིག་རེ་བ་བྱེད་པར་བྱ།།

 

3 མཛེས་སྡུག་མཚོན་པའི་ཐ་སྙད།

སྤྲིན་ནག་དག་ཕར་ལ་དེད་ཀྱིན

སྔོ་ཐིང་ཐིང་གི་ནམ་མཁའ་ལ་རེ་བ་བྱས

 

མཐོན་མཐིངས་ཀྱི་ནམ་མཁའ་ལ

གལ་སྲིད  མཚོན་མདོག་གིས་ཉི་གུར་ཕུག་ཚེ

དེ་ནི་ཅི་འདྲས་ཡིད་དུ་འོང་བ་ལ་ཨང

 

ཉི་མ་ཤར་བྱུང   ཉི་ཟེར་ཕོག་བྱུང

དྲོད་ཁོལ་ལྡན་པའི་ཨ་མའི་པང་ཁུད་དུ

མགོ་བོ་འཇོག་ཙམ་གྱིས

སྐྱེ་བ་བརྒྱ་ཕྲག་གི་རྨི་ལམ་སད་བྱུང

 

གློ་བུར་བའི་སྤྲིན་ནག་རེ་ཟུང་གིས

ཆར་ཆུ་རྡོལ་ཅིང་སྨུག་པས་གང་ན་ཡང

ཆར་རྗེས་ཀྱི་ཉི་འོད་ཀྱིས

ང་རང་ཡོད་སའི་འབྲོག་ཕྱོགས་འདིར

སྤང་དག་ལ་སྣུམ་ཤ་རྒྱས་ཏེ

ཧ་ཅང་མཛེས་སྡུག་གིས་བཀང་འགྲོ

 

4 མིང་མེད།

མེ་ལོང་ངོས་སུ་ཆང་དམར་དྲང་བ་ཡི།།

གཉོམ་ཆུང་མ་དེ་ལག་པས་འཛིན་འདོད་བྱུང་།།

 

མ་ངེས་ཐ་སྙད་སྣ་ཚོགས་རྣ་བའི་ཁར།།

ཐ་གུ་ཞིག་ལྟར་སྤྱང་པ་སྙིང་དུ་སྡུག །

 

ལས་ཀུན་རྒྱ་ལས་མ་གྲོལ་རྐྱེན་གྱིས་ན།།

བྱ་གཞག་འདི་ཚོར་རེ་ཞིག་ཞེད་དགོས་བྱུང་།།

 

དྲེལ་ཆུང་རི་ལུང་བརྒྱུད་ནས་སོང་ཚུལ་དེ།།

མྱི་སེམས་བདེ་མོ་འཇོག་སྟངས་ཡིན་ནམ་ཅི།།

 

མི་བྲལ་མི་བྲལ་ཞེས་པའི་དན་རྟགས་དེ།།

རེ་ཞིག་མིག་ཆུ་གཏོར་འདོད་བྱུང་ངམ་ལགས།།

 

རིང་དུ་བསྙལ་བའི་ཡང་སྙིང་གང་གྭ་མ།།

ཕོག་པའི་འོད་མེད་ཀྱང་སྐམ་སར་ལྷུང་།།

 

5 ཚི་དྲེག་ཕོག་པའི་རྣམ་ཤེས།

ཉུལ་ཉུལ་བའི་མཐར་གང་ཡང་མ་རྙེད་པའི་མྱི་ཚོགས

སོ་སོའི་མདུན་ནས་ས་ལ་འགྱེལ་ཞིང་ཡར་ལ་ལངས

 

མཁྲེགས་པོར་གྱུར་པའི་ཁོ་ཚོའི་རེ་འདབས་ནི་རྡོ་བ་ཞིག་ལྟར

ག་ཙམ་བྱིལ་བྱིལ་བྱས་ཀྱང་དེ་ལས་ལྡོག་ཏེ་སྒུལ་ཙམ་ཡང་མ་ནུས

 

མི་ཚེ་ནི་མངར་སྐྱུར་གྱི་རྡོ་རིང་ཞིག་དང

མྱི་ཚོགས་ནི་དེ་ལ་འཐམ་པའི་གྲོག་མ་རྐང་ལག་ལྡན་ཙམ་ཞིག

 

ཁྱེད་ཀྱིས་མཐོང་སོང་ངམ་ཁྱེད་ཀྱིས་ཤེས་སོང་ངམ

གཙང་བོ་ནི་ཁྱེད་དང་ཁ་ཐག་ཇེ་རིང་རེད

 

ངལ་དུབ་ལ་བདེ་མོ་འཇོག་འདོད་བཞིན་ངལ་དུབ་ཀྱིས་གླུ་བླངས

འཁོར་བའི་བདེ་སྡུག་མིག་གིས་འཚོལ་བཞིན་ཕ་རོལ་ལ་འཕྲིན་ཡིག་བྲིས

 

6 སྒྱུ་འཕྲུལ་མ།

སུས་ཀྱང་མཚོན་པ་མི་ནུས་ཤིང་།།

སྣང་བ་གླུ་དང་སྟོང་པ་གར།།

ཚེ་རབས་དུ་མར་བསྟར་བ་ཡི།།

གང་གི་དབྱངས་ཅན་བདག་མོ་ཡིས།།

འཁོར་ལ་སྙན་པའི་ངག་གིས་བྱིབས།།

 

རྒྱན་ལ་རྒྱན་གྱིས་གང་བྱས་ཤིང་།།

ཆ་ལུགས་ངར་བའི་མཛོད་ཅིག་ཡིན།།

སྐེ་རྒྱན་རེ་ཟུང་མཐོང་བ་ལས།།

ཡིད་ཀྱི་དགའ་བ་རབ་ཏུ་རྡོལ།།

 

ཡན་གར་རྒྱན་ཞིག་མཐོང་བས་ཀྱང་།།

ཡིད་ཀྱི་འཕར་ལྡིང་རྣོག་མ་ནུས།།

དེས་ན་དབྱངས་ཅན་ལྷ་མོ་ལགས།།

རེ་ཞིག་ཞི་བར་བཞུགས་རོགས་ཀྱེ།།

 

མེ་ཏོག་མོག་པོ་རབ་གཏོར་བའི།།

སེམས་ཀྱི་ཚུ་ལུ་རབ་གཡོ་བའི།།

དབྱངས་ཀྱི་རྒྱུད་སྐུད་རབ་ཁྲོལ་བའི།།

ཚེ་རབས་དབྱངས་ཅན་ལྷ་མོར་བསྟོད།།

 

7ཟླ་བའི་གཡོ་འགུལ། 

དོ་ནུབ་ཟླ་བ་ལྷ་མོས་ཕྱག་ཟུང་བརྐྱངས།།

སྨག་ནག་ལུང་པའི་ཞོལ་གྱི་ཁུ་སིམ་ལ།།

གཡོ་བའི་ཟོར་གྱིས་འོད་ཅིག་བྲུག་པ་དང་།།

བདུན་པའི་ལོ་འདབས་དེ་ཡང་མཛེས་པོར་མཐོང་།།

 

མཚན་མོར་ཁུ་སིམ་རོལ་བར་གོམ་པ་ཡི།།

ཡོལ་བའི་གམ་གྱི་བདག་གི་སྔས་མགོ་རུ།།

དེ་བཞིན་བསུལ་བའི་འོད་ཅིག་བཀྱེད་པ་དང་།།

དྲན་འཆར་ངོས་སུ་རི་མོ་སྣ་ཚོགས་འཐོར།།

 

མེ་ཏོག་གང་མང་འཐོར་བའི་སྒེའུ་ཡོལ་ངོས།།

དགའ་སྐྱོ་གོར་བོ་ཁུར་བའི་ཕྱེ་ལེབ་བབ།།

དེ་ཡང་ཡིད་འོང་ཞིག་གི་སྣ་ཁྲིད་དེ།།

ཟླ་འོད་བདག་གུར་བཟུང་ཏེ་ཤུག་ཤུག་བྱེད།།

 

དོ་ནུབ་ཟླ་བ་ལྷ་མོས་སྤྱན་གཉིས་འབྱེད།།

ནམ་གུང་རླུང་ཡན་དང་བཅས་མཛེས་སྡུག་གོན།།

ང་རང་གཉིད་ཀྱི་ལུང་བར་ཞུགས་རན་ཁར།།

ཡང་བསྐྱར་ལྷ་ལམ་ངོས་སུ་ཕྱི་མིག་འཆོར།།

 

8 བྲག་ཕུག་པ།

བྱ་ཞིག་འཕུར་བའི་རྗེས་མེད་ལྟར།།

ཁྱེད་རང་ཕེབས་པ་མ་ཡིན་ཏེ།།

ཆག་གྲུམ་ཤོར་བའི་ནགས་ཚལ་ནས།།

འདབས་མ་སྟོང་ནི་གོས་སུ་གྱོན།།

ཁ་སྤུ་རྫོབ་པའི་ཐལ་རྡུལ་ལ།།

ཉམས་དང་སྤོབས་པའི་དབུ་མངའ་བ།།

དེ་ཡང་འདས་པའི་ལོ་ཟླའི་ནང་།།

རས་ཐུམ་གཅིག་གིས་མཇུག་རྫོགས་པའི།།

ཡར་སྒོས་ནང་གི་རས་པ་ཞིག །

ཀུན་ཏུ་དགའ་བའི་འདྲ་འབག་གྱོན།།

མཚོ་ལ་དགའ་བའི་བུ་མོ་ཞིག །

གམ་ནས་གཅེར་བུར་བྱུང་ཡང་རུང་།།

ཉིད་ཀྱི་འགྱུར་མེད་ཞབས་པད་དེ།།

གཡོ་བ་ཙམ་ཡང་མ་ནུས་པས།།

མོ་སེམས་ཆུང་བས་ལོ་ཟླར་ངུ་།།

ཡིན་ཡང་བདག་ཉིད་ཆེན་པོ་ཡི།།

ཡེ་ཤེས་འདམ་གྱིས་གོས་མ་ནུས།།

ཞལ་ལག་གཡོ་བའི་སྐད་ཅིག་དེར།།

རང་གི་པད་མོར་བྱིལ་བྱིལ་བྱེད།།

དེ་ལྟར་དཀའ་བ་དབེན་གྱུར་ནས།།

ས་ཐོབ་ཞིག་གི་མཚན་ཡང་མངའ།།

ཡོན་ཏན་ཀུན་གྱིས་སྐུ་ཡང་སྤུད།།

འཇའ་ཚོན་སྣ་མང་བཀྲ་བྱས་ཏེ།།

འཁོར་དང་བཅས་པ་སངས་རྒྱས་སར།།

འཛིན་པ་མེད་དེ་བདེ་བར་གནས།།

 

མཚོ་ལ་མཚོ་ཡི་རང་མདོག་མངོན།།

སྣ་ཚོགས་ལས་ཀྱིས་མ་བསྒོས་ཚེ།།

དེ་ཡི་འཇམ་ཤ་མི་ངེས་པས།།

སློབ་དཔོན་གསེར་གྱི་རང་བཞིན་དེས།།

ཚེ་རབས་དུ་མའི་འཕྲེང་བ་ལྟར།།

ཀུན་པོ་མངོན་སུམ་གྱིས་བཟུང་བས།།

ད་ལྟའི་ལད་ཟློས་མི་ཚེ་འདིར།།

ཡེ་ནས་འཛིན་པ་སྤོང་ནས་ནི།།

དྭངས་གཙང་ཞིག་གི་གཞིས་ཀ་དེར།།

དུས་ཀྱི་འགྱུར་བ་མེད་པ་དང་།།

ང་འཇིག་ང་ཞེད་མེད་པའི་གནས།།

ཀུན་ནས་ཞུ་བའི་བླ་མ་ལ།།

གཡོ་སྒྱུའི་ཟོལ་དེ་མི་དགོས་པས།།

ཚེ་རབས་དུ་མའི་དཀར་ཆོས་ཀྱིས།།

ཀུན་གྱིས་མཐོང་ཚེ་ཡིད་ག་རུ།།

རྒྱལ་པོའི་ཁབ་ཀྱི་ཆུ་སྐྱེས་ལྟར།།

མིག་ལ་མཛེས་ཤིང་དྲི་ཞིམ་འཁྱིལ།།

གྲོལ་བ་ཆེན་པོ་རས་པ་ནི།།

ཅི་ཡང་འཛིན་པ་མེད་པ་དེ།།

མཛེས་ལ་མཛེས་པོར་སྣང་བ་དང་།།

ཞེ་ལ་མ་མོས་ནག་པོ་དག །

སློབ་དཔོན་འཛུམ་པ་དང་བཅས་ཏེ།།

ཡོད་པར་གྱུར་ཚེ་དག་པར་སྣང་།།

དེ་ཡང་ཀུན་ལ་མེད་པའི་ཆོས།།

ཀུན་ལ་དབེན་པའི་འཛིན་པ་སྟེ།།

རས་ཐུམ་གཅིག་གི་གྲོལ་བ་ཡི།།

མདོག་ལ་མ་ལྟོས་སྐུ་ཞིག་མངའ།།

 

བསོད་ནམས་འཁྱིལ་བའི་བྲག་ཕུག་དེར།།

ནང་ནས་སྐྱེས་ཆེན་མང་པོ་གྲོལ།།

ཕྱི་ནས་བལྟས་ཚེ་ཡིད་འཕྲོག་པ།།

བྱེའུས་སྐད་སྒྲ་སྣ་ཚོགས་ལས།།

ཆོས་ལ་གཞོལ་བའི་སྐུལ་མ་བྱེད།།

གཏི་མུག་སྟུག་པའི་རྒྱ་རྫོང་ནས།།

སྙན་པར་གྲག་པའི་སྐད་ཅོ་ཡིས།།

བསུག་གྱིན་བསུག་གྱིན་དངས་བར་བྱེད།།

ལར་ནས་ཡིད་དབང་འགུག་པ་ཡི།།

དབེན་ཞིང་དུལ་བའི་ཞལ་ཁྱིམ་དེར།།

བསོད་ནམས་དབེན་པའི་སྐྱེས་བུ་ཞིག །

གམ་ལ་གཅར་བ་ཙམ་གྱིས་ནི།།

རེ་ཞིག་འཛིན་པ་ངུ་བར་བྱེད།།

ལོ་མ་འཐོར་ཞིང་རྩི་ཤིང་རྐམ།།

ཆུ་ཕྲན་དར་གྱིས་རྒུད་པར་བྱེད།།

དགུན་གྱི་ལྷགས་རླུང་ངར་མའི་ཁྲོད།།

རི་བོའི་ཞོལ་གྱི་གྲོང་ཆུང་དེར།།

དུས་ཀྱི་མཐའ་མའི་དབུས་ནས་འཁུམ།།

རེད་དེ་རི་བོའི་རྩེར་གནས་པའི།།

བསམ་གཏན་བྱང་བའི་རས་པ་དེ།།

དུས་ཀྱི་དབྱེ་བ་མེད་པ་ཡི།།

འཛིན་པ་གྲོལ་བའི་སེམས་དབུས་སུ།།

ཀུན་ལ་མཁོ་བའི་དབྱར་ཁ་ཚེས།།

རླུང་བུ་བསིལ་བསིལ་ལྡང་བའི་ངང་།།

ཆོས་ཀྱི་ཆར་བ་རེ་ཟུང་འབེབ།།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:གྲོང་ཁྱེར་གྱི་འཚོ་བ། ༼ སྒྲུང་ཐུང་ཡིག་བརྒྱ་མ། ༽
  • ལེ་ཚན་རྗེས་མ།:གནས་སྐབས་མེད།