གྱེས་བྲལ་དེའི་རྗེས་སུ།

༼ ཞོགས་རྫ་རྔ། ༽        2024-12-23

བརྩེ་བའི་འོད་ཀྱིས་བྲིས་པའི་ས་ཁྲ་རུ།།

ཕུགས་བསམ་རྡེའུ་བཀོད་པའི་ཕུ་ནུ་ཁྱུ།།

མི་ཚེའི་ལམ་ཁ་མི་གཅིག་ཐ་དད་ལས།།

འུ་གཉིས་གཏམ་རྒྱུད་མོད་པའི་ནང་གྲོགས་ཡིན།།

ཐོག་མའི་མི་ཚེའི་དབྱངས་རྟ་རྒྱང་དུ་སྤུར།།

རྡོག་ལམ་རིང་དུ་འཐེན་པའི་དད་མོས་ཀྱིས།།

དེ་སྐབས་ལྷན་དུ་བསྡུས་པའི་གྲོགས་ཚོ་ལས།།

འུ་གཉིས་དམ་ཚིག་གཅིག་པའི་ཆོས་གྲོགས་ཡིན།།

རྒྱུ་ཆེན་སྟོབས་ཀྱིས་ངོ་སོ་མ་ཉོས་ཤིང་།།

རྫུ་བག་འཛུམ་གྱིས་ཡིད་སེམས་མ་བརྐུས་མོད།།

སྟེས་དབང་ཐུག་འཕྲད་དེ་ཡི་རྗེས་འདེད་ན།།

འུ་གཉིས་བརྩེ་བས་མཐུད་པའི་རོགས་ཟླ་ཡིན།།

བག་འཁུམས་ངོ་ཚའི་སྐྱི་པགས་སྲབ་པའི་དུས།།

ཆ་མེད་གདོང་པར་ཞེད་པའི་བྱིས་པ་ཞིག།

སློབ་རའི་མཐའ་དབུས་འཁྱམ་པའི་ལས་སྣེ་ནས།།

འུ་གཉིས་འདྲིས་ཤིང་འགྲོགས་པའི་སྤུན་ཟླ་ཡིན།།

རྙེད་དཀའི་ལུས་རྟེན་གསེར་གྱི་སྡོང་པོ་ལ།།

ཤེས་རིག་བླ་གཡུས་ཕྲ་རྒྱན་བཏབ་དང་ལྷན།།

རིན་ཐང་ལྟ་བའི་འཁྱེར་སོ་མ་གཅིག་པས།།

འུ་གཉིས་གྱེས་བྲལ་བྱུང་བའི་གཏམ་རྒྱུད་ལྷག།

སྐྱིད་སྡུག་རིས་སུ་ཕབ་པའི་ལོ་ཟླའི་ནང་།།

འདུ་བྲལ་མི་རྟག་བརྗོད་པའི་སོ་ཁ་ནས།།

ཤི་གསོན་གཏན་གྱི་ཡོལ་བས་མ་ཆོད་ཀྱང་།།

མི་ཚེའི་གོམ་ཁ་ལེན་སྟངས་སོ་སོར་གྱུར།།

སྣ་ཚོགས་མི་ཡི་གླེང་ཕྱོགས་སྤྲིན་དང་འདྲེས།།

སྤྲིན་པ་རླུང་གིས་དེད་པའི་ནང་རོལ་ནས།།

ཆོད་སེམས་གཤོག་པ་རྡོ་ལ་མ་བརྡབས་པ།།

ཉིད་ཀྱིས་རྨི་ལམ་གཞན་ཞིག་མངོན་གྱུར་བྱས།།

ངུར་སྨྲིག་གོས་ཀྱི་ཁ་དོག་ཡལ་རྗེས་སུ།།

ཕོ་གཞོན་རྒྱལ་ཁམས་བསྐོར་བའི་སྐྱིད་སྡུག་དག།

རིང་པོ་རྣ་བའི་བུ་གར་འཛུལ་ན་ཡང་།།

དངོས་ཀྱི་འཚོ་བའི་གྲུ་ཟུར་མེད་དེས་འགྱོད།།

རྟག་བརྟན་བརྩེ་བའི་འདབ་ལོས་སྲུང་བ་ཡི།།

མེ་ཏོག་རྒས་པ་མེད་པའི་ལང་ཚོ་ཅན།།

གཏན་བདེ་དྲོད་ཀྱིས་སྐྱོང་བའི་རྟོག་བཟོ་དག།

དངོས་ཡོད་འཚོ་བ་འདི་དང་ཁ་ཐག་རིང་།།

མི་ཚེའི་གཙང་པོ་བཞུར་བའི་རླབས་ཕྲེང་ལས།།

ཕན་བདེ་ཟེགས་མའི་ནུས་པས་འཛིན་འདོད་པའི།།

དུང་སེམས་ཉམ་ཆུང་མ་འདིའི་རྨི་ལམ་དག།

འཁྲུལ་སྣང་སྒྱུ་མའི་གྲོང་ལ་བསྐྱལ་ནས་བྱུང་།།

སྐྱིད་སྡུག་མིག་གིས་མ་མཐོང་ལོ་མང་འགོར།།

འཇམ་རྩུབ་ལག་པས་མ་རེག་ཡུན་དུ་ལུས།།

བཟང་ངན་སེམས་ཀྱིས་མ་ཟིན་ཡུལ་གྱིས་བསྐལ།།

བསམ་བཞིན་མིན་ཡང་ལས་ཀྱི་བསྐོས་ཐང་ཉིད།།

དེ་དུས་ང་ཡིས་ཁྱོད་ལ་སྙན་ངག་བྲིས།།

ཚོར་བའི་ཁ་དོག་ཅི་འདྲ་ཡིན་ཚུལ་བྲིས།།

གྱེས་བྲལ་མངར་སྐྱུར་གཉིས་ཀྱི་གཏམ་རྒྱུད་བྲིས།།

ཡི་གེ་སྐོམ་པོས་ཁྱོད་ལ་ཅི་ཕན་ཨང་།།

སྐབས་རེར་དེ་ལྟར་བསམ་བཞིན་ཡིད་ཐང་ཆད།།

ནུས་མེད་སེམས་ཆུང་བློ་ལ་སྐྱོ་གདུང་སྐྱེས།།

ལོ་ཟླའི་གཙང་པོ་འཕྲེད་ཀྱིས་བཅད་ན་ཡང་།།

འུ་གཉིས་སྔར་བཞིན་འཛོམས་པའི་སྐབས་མ་མཆིས།།

རྒྱལ་ཕམ་ངོ་འཛུམ་དཀར་ནག་རྒྱང་དུ་ཡལ།།

བདེ་སྡུག་གཏམ་གླེང་སྣ་ཚོགས་གོ་སྐབས་ཕྲ།།

དེ་དུས་ཁ་ཡག་གཏམ་ལ་དགོས་པ་ཅི།།

འུ་གཉིས་རང་རང་འཚོ་བའི་མགོ་རྔས་བྲེལ།།

དར་རྒུད་ཐོད་པའི་རི་མོ་ཡག་དང་བཙོག།

མི་ཚེའི་ལས་ཀྱི་ཁུར་པོ་ལྕི་དང་ཡང་།།

རང་རང་སྒེར་གྱི་རྐང་པས་འདེགས་དགོས་པའི།།

གནས་ལུགས་འདི་ཡིས་འུ་གཉིས་འགྲེལ་བཤད་བྱས།།

འཁོར་བ་ཐོབ་ཤོར་གཉིས་ཀྱི་འཐབ་ར་དང་།།

འགྱུར་ལྡོག་སྣ་མང་འཚང་བའི་སྤྱིལ་བུ་ཉིད།།

མི་རྟག་གནམ་གྱི་རྒྱལ་མོའི་ཐུ་འོག་ནས།།

འུ་གཉིས་ལ་ལུང་སྟོང་གིས་ཆོད་པར་བྱས།།

མ་ངེས་སྐྱིད་སྡུག་སྟོང་གི་ཁུག་པ་ནས།།

འཁོས་ཞན་བྱིས་པའི་བློ་འདི་སྣད་གྲངས་མང་།།

བློ་ཕུགས་སེམས་ཁུར་ཅན་ལ་བཅོལ་གདམས་བྱས།།

འུ་གཉིས་ད་རུང་བདེ་སྡུག་གཅིག་ན་དྲན།།

ལམ་གྱི་ཞེན་ཆགས་སྣེ་མོ་སྨུག་གིས་ཟིན།།

སྨུག་པའི་ཁ་ཆུ་ཙམ་ཞིག་བཅུད་དུ་བསྟེན།།

ལས་དབང་གླུ་རུ་བླངས་པའི་གཏམ་དག་ལ།།

འུ་གཉིས་བགྲོ་རྒྱུ་ཐེངས་ཤིག་བྱུང་ན་དྲན།།

ནར་མའི་འཚོ་བ་གྲུ་བཞིའི་གདན་ཐོག་ཏུ།།

ཞེ་སེམས་ལྷོད་ཀྱིས་ཉལ་བའི་གྲོགས་པོ་འགས།།

ཚེ་སྲོག་དྲོད་ཀྱིས་གཏམས་པ་བྱས་ཐེངས་རེར།།

འུ་གཉིས་ད་རུང་འགྲོག་རྒྱུ་བྱུང་ན་དྲན།།

ཞལ་འཛུམ་ཚེམས་ཕྲེང་བར་ནས་ཁ་མཚར་བཀོད།།

གསང་གཏམ་རྣ་བའི་འགྲམ་དུ་ལྷུང་ལྷུང་བཞུར།།

མདུན་གྱི་ལམ་བུ་ཀྱག་ཀྱོག་མཉམ་དུ་བརྒལ།།

འུ་གཉིས་ད་རུང་ཁ་ཕྱོགས་གཅིག་ན་དྲན།།

དྲན་པ་རྨི་ལམ་གྲོང་ནས་ཡལ་རྗེས་སུ།།

བསམ་གཞིག་སྨིན་མ་བསྡུས་པའི་བར་སྟོང་ནས།།

ལོ་ཟླ་ཕྱིར་འོང་མེད་ཀྱང་འདས་སོང་ལ།།

སེམས་པ་སེམས་ཀྱིས་ཟིན་པ་བརྗེད་དུ་མེད།།

ཕྱི་ནང་གཉིས་སུ་མེད་པའི་གཉུག་གཤིས་ལ།།

ཡུན་རིང་འདྲིས་པའི་བག་ཆགས་དུང་བས་བསྒོས།།

མི་ཚེ་རྟ་རྒྱུགས་མ་འདིའི་བཤུལ་ལམ་དུ།།

ཉིད་ཀྱིས་རྐང་རྗེས་གསལ་བ་གློ་བ་དགའ།།

ད་ནི་མི་ཚེའི་ཆུ་བོ་ཇེ་འཐག་རེད།།

སེམས་ཀྱི་རྟ་ཕོ་གཤོག་ཐོགས་ཇེ་རྒོད་རེད།།

འཐོབ་བྱ་སྙིང་པོ་ཟེར་བ་དེ་ཙམ་རེད།།

ཆུང་དུས་འུ་གཉིས་འཕྲད་དེ་དོན་དང་ལྡན།།

ཕལ་པའི་དགའ་སྐྱོ་སྣོལ་མ་སྲོག་གི་འཛུམ།།

ས་ཆེན་པང་དུ་བཏབ་པའི་གླུ་སྐད་དག།

གཅིག་པུ་སྟོང་པའི་དབྱིངས་སུ་སྤུར་ལ་ཉེ།།

གྲོགས་ལགས་ང་རང་གསོན་ཚུལ་འདི་ག་ཙམ།།

ཡུན་ཐུང་མི་ཚེའི་གློག་གི་ཟློས་གར་ལ།།

སྣ་ཚོགས་ཐབས་ཀྱིས་བཀོད་པའི་ལེ་ཚན་དག།

ཆགས་སྡང་ཞི་ཁྲོ་གཉིས་ཀྱིས་འཁྲབ་ན་ཡང་།།

མཐར་ཐུག་རང་སེམས་ཚིམས་པའི་བྱ་གཞག་གང་།།

བསམ་ན་ཉིད་ཀྱི་མི་ཚེ་དོན་དང་ལྡན།།

གཞན་ཕན་བློ་མིག་རྒྱས་པའི་ཐུ་འོག་ནས།།

ཕན་བདེ་གྲིབ་བསིལ་སྣུམ་པོའི་འདབས་རོལ་ནས།།

བརྩེ་བས་ཡུན་དུ་སྐྱོང་བའི་སློབ་ཕྲུག་རྒྱས།།

སྣ་མང་ཤེས་རིག་མེ་ཏོག་གླིང་ག་རུ།།

རང་རིག་གསེར་གྱི་སྒོ་མོ་འབྱེད་དང་ལྷན།།

ཕ་བཟང་རུས་པའི་སྐད་ཡིག་སྲུང་ཚུལ་དེས།།

གྲོགས་དང་གཉེན་ཉེའི་ངོ་ལ་འཛུམ་མདངས་བསྣན།།

ལོ་ཟླའི་གཙང་པོ་བཞུར་བའི་རྐང་རྗེས་སུ།།

དཀའ་སྡུག་བརྩོན་པའི་ས་བོན་བཏབ་པ་ལས།།

དགེ་བའི་མེ་ཏོག་བཞད་པའི་གླིང་ཁ་ནས།།

ཉིད་ཀྱིས་འདུན་པའི་ལས་དག་འགྲུབ་གྱུར་ཅིག།

དབྱངས་ཀྱི་ཟམ་པས་སྦྲེལ་བའི་གར་སྟེགས་སུ།།

སྐྱིད་སྡུག་དབྱངས་རྟ་ཤེད་ཀྱིས་གློད་ན་ཡང་།།

ཡུན་རིང་ཁོང་དུ་སྦས་པའི་གདུང་སེམས་དག།

བརྗོད་མེད་ན་ཟུག་གྱུར་འདི་ཨ་རེ་མཚར།།

ངག་གི་ཟླ་བ་ཚེས་པའི་མཁའ་དབྱིངས་སུ།།

དུང་སེམས་དགུ་ཚིགས་སྐྱ་མོས་སྐྱོ་དབྱངས་འཐེན།།

མི་ཚེའི་དབྱར་དགུན་བརྗེས་པའི་བདེ་སྡུག་དག།

ཐག་རིང་གྲོགས་ལ་ཤུགས་རིང་དང་བཅས་སྤྲིངས།།

  • ལེ་ཚན་སྔོན་མ།:བརྩེ་མདུད་ཡིད་ཀྱི་ལང་ཚོ།
  • ལེ་ཚན་རྗེས་མ།:སྙི་བའི་སེམས།