མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་སློབ་མ་ཚོས་དགེ་རྒན་དུས་ཆེན་ལ་ཕུལ་བའི་མཆོད་པ།

        2023-09-12

དགེ་རྒན་ལགས། དཀའ་ལས་མྱངས་སོང་།

          དགེ་རྒན་དུས་ཆེན་སྐབས༣༩པ་ལ་ཕུལ།

དགུ་གཅིག་འཛིན་གྲྭ། དབྱངས་ཅན་ལྷ་མོ།

མཛུབ་སྟོན་དགེ་རྒན། འབྲུག་བྱམས་མཁར།


     དགེ་རྒན་ལགས། དཀའ་སྡུག་དང་རྔུལ་ཆུ་འདྲེས་མའི་ལོ་ཟླའི་ཁྲོད་དུ། ཁྱེད་ཀྱིས་ཅི་ཡང་མེད་པའི་སློང་མོ་བ་ང་ཚོར་ཤེས་རིག་གི་གོ་ཆ་ཆ་ཚང་ཞིག་བསྐོན་ཏེ། ཕུགས་བསམ་གྱི་མདུན་ལྗོངས་གསར་པ་ཞིག་བསྐྲུན་པར་ངོ་མ་ཐུགས་རྗེ་ཞུ། མི་འགྱངས་པར། ཁྱེད་ཀྱི་སེམས་ཁོང་གི་གླག་ཕྲུག་ཚོ་ལའང་ཤེས་རིག་གི་གཤོག་ཟུང་ཐོགས་ཏེ་སྤྲིན་དཀར་གྱི་བང་རིམ་བརྟོལ་ནས་འཕུར་འོང་། འདི་ནི་ཁྱེད་ཀྱི་ཆེས་མཐའ་མཇུག་གི་རེ་ལྟོས་ཡིན་སྲིད་ལ། ཆེས་དྭངས་གཙང་གི་སྨོན་འདུན་ཡང་ཡིན་སྲིད་པས། ང་ཚོས་ཕུགས་འདུན་དང་ཡིད་ཆེས་ཀྱི་རླུང་རྟ་སྤུར་གྱིན། སྤོབས་སེམས་དང་བརྩོན་ཤུགས་ཀྱི་གླུ་ཆུང་ལེན་བཞིན་དམིགས་བྱ་ཟླུམ་པོ་ལ་ཤུགས་ཀྱིས་བསྙེག་ངེས།   དགེ་རྒན་ལགས། ཁྱེད་ཉིད་ས་ཆེན་གྱི་མུན་པ་སེལ་བའི་རྟ་ལྗང་གཞོན་ནུ།  ཁ་བའི་ལས་དབང་ལ་བསམ་གཞིགས་ཤོར་བའི་ཕུག་རོན་དཀར་པོ་སྟེ། ཡངས་པའི་འཇིག་རྟེན་གྱི་ཁམས་འདི་ནས་ཁྲེད་ཀྱིས་རང་དོན་རྒྱབ་ལ་བསྐྱུར་ཏེ་ཡོད་ཚད་གཞན་དོན་ལ་ཕུལ་བས། ད་ལྟ། ལོ་ཟླའི་འཐོར་རླུང་བཙན་པོས་དྲང་ཞིང་བརྗིད་པའི་སྐུ་གཟུགས་དེ་ཉམ་ཐག་གི་ལུས་ཟུངས་རིད་པོ་རུ་བསྒྱུར་ཞིང་། གནག་ཅིང་སྣུམ་པའི་སྐྲ་ལོ་དེའང་དཀར་པོ་ཁ་བའི་མདངས་སུ་བྱུགས་ཀྱང་ཁྱེད་ཀྱི་ལྷག་བསམ་གྱི་དུང་ཟླ་སྒོར་མོ་དེ་དུས་ནམ་ཡང་ང་ཚོའི་སེམས་ཁོང་ན་འཚེར་བཞིན་ཡོད། དགེ་རྒན་ལགས། འོ་བརྒྱལ་མྱངས་སོང་།

  དགེ་རྒན་ལགས། ཁྱེད་ནི་ང་ཚོའི་སེམས་ཁོང་ན་བཞད་པའི་མེ་ཏོག་དཀར་པོ། ང་ཚོའི་མཁའ་དབྱིངས་ན་ཤར་བའི་དུང་ཟླ་སྒོར་མོ་སྟེ། དུས་ནམ་ཞིག་ན། ཁྱེད་ཀྱི་མཛད་བཟང་གི་མེ་ཏོག་ལྷུག་པོར་གྲོལ་ཏེ་གངས་རིའི་ཡང་སྟེང་ནས་བཞད་སྲིད་ལ། ལྷག་བསམ་གྱི་དུང་ཟླ་ཆ་ཤས་ཡོངས་སུ་རྫོགས་ཏེ་མཐོན་མཐིང་མཁའ་དབྱིངས་ནས་འཆར་སྲིད། དགེ་རྒན་ལགས། བཀའ་དྲིན་ཆེ། དེ་རིང་ནི་ཁྱེད་ཉིད་ཁོ་ནར་དབང་བའི་ཉིན་བཟང་ཡིན་པས། ངས་ལྷག་བསམ་དྭངས་མོའི་ཁྱེད་ཉིད་ལ་བརྗོད་འདོད་པ་ནི། དགེ་རྒན་ལགས། ཁྱེད་ཀྱིས་དཀའ་ལས་མྱངས་སོང་། ང་ཚོ་སློབ་མ་དག་གི་དོན་དུ་དཀའ་ལས་མྱངས་སོང་ཞེས་ཡང་ནས་ཡང་དུ་བརྗོད་ན་འདོད་དོ།།


མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་སློབ་མ་ཚོས་དགེ་རྒན་དུས་ཆེན་ལ་ཕུལ་བའི་མཆོད་པ།


བདག་གི་དགེ་རྒན།

དགུ་གཅིག་འཛིན་གྲྭ། མཆོག་གསུམ་ལྷ་མོ།

མཛུབ་སྟོན་དགེ་རྒན། འབྲུག་བྱམས་མཁར།

ལྔ་རིག་པད་དཀར་བཞད་པའི་སློབ་གླིང་འདིར།།

ཨ་མདོ་ཡུལ་ནས་ཕེབས་པའི་གཤེས་གཉེན་ཁོང་།།

སྔོན་བསགས་ལས་ཀྱིས་གནང་བའི་གོ་སྒྲིག་གིས།།

ལྷག་བསམ་གཅིག་ཏུ་སྦྲེལ་ནས་གནས་འདིར་འཛོམས།།


སྐྱེས་ཡུལ་མི་གཅིག་ཁ་ཁར་ཡིན་ནའང་།།

ཕྱོགས་ཞེན་དྲི་བྲལ་རང་གི་བུ་བཞིན་སྐྱོང་།།

རིག་པའི་གནས་ལ་དགའ་བའི་ལམ་སྟོན་གྱིས།།

ཁམས་ཀྱི་རྒྱུད་འཛིན་ང་ཚོ་ལེགས་ལམ་འཇུག།


གངས་རིའི་རང་མདངས་འཕྲོ་བའི་འོད་འོག་ནས།།

མདུན་ལམ་མེ་ཏོག་བཞད་པའི་མཉམ་ཅིག་ཏུ།།

བརྩེ་བའི་སློབ་གསོ་བསུ་བཞིན་དགའ་འཛུམ་གྱིས།།

དགེ་བའི་བཤེས་གཉེན་དམ་པའི་སྒོ་གསུམ་འདུད།།


མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་སློབ་མ་ཚོས་དགེ་རྒན་དུས་ཆེན་ལ་ཕུལ་བའི་མཆོད་པ།

བདག་གི་སློབ་དཔོན་དམ་པ། 

དགུ་གཅིག་འཛིན་གྲྭ། ཕུར་བ་རབ་བརྟན།

མཛུབ་སྟོན་དགེ་རྒན། འབྲུག་བྱམས་མཁར།

    ལྷག་བསམ་འོ་མའི་ཐུགས་རྒྱུད་དྲང་།།

    ལུང་རྟོགས་རྒྱ་མཚོའི་ཡོན་ཏན་ལྕི།།

    གསུང་བཅུད་བདུད་རྩིས་སྙན་དབང་གསོ།།

    གང་དེ་བདག་གི་བཤེས་གཉེན་མགོན།།

     

     དཀའ་བའི་འགན་འཁྲི་དང་དུ་བླངས།།

     རིས་མེད་སློབ་བུ་རིང་དུ་བསྐྱངས།།

     ཞི་འཇམ་སློབ་གསོས་ལམ་སྣ་བསྟན།།

     སྤྱོད་བཟང་དམ་པ་ཡིད་ཀྱི་རྒྱན།།


     བདེན་སྐྱོང་གནས་ལུགས་ཡང་ཡང་འཛིན།།

     གཤིས་བཟང་དྲང་མོ་ཡིད་ཀྱིས་འགུག། 

     གཞན་ཕན་ཁོ་ནར་རེམ་ལ་བྲེལ།།

     གང་ཞིག་རྨོངས་འཇོམས་མཁས་དེར་འདུད།།

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་སློབ་མ་ཚོས་དགེ་རྒན་དུས་ཆེན་ལ་ཕུལ་བའི་མཆོད་པ།

དགེ་རྒན་ལགས། ཐུགས་རྗེ་ཆེ།

བདུན་གཅིག་འཛིན་གྲྭ། སྨོན་ལམ་འོད་སྒྲོན།

མཛུབ་སྟོན་དགེ་རྒན། བློ་བཟང་བཀྲ་ཤིས།


དགེ་རྒན་ལགས། ཁྱེད་ནི་ནམ་མཁའི་ཉི་མ་དང་འདྲ་ལ། ང་ཚོ་ལ་ཚད་མེད་ཀྱི་དྲོད་ཁོལ་སྟེར། ཁྱེད་ནི་རྒྱ་མཚོ་དང་འདྲ་ལ། ང་ཚོའི་སྐོམ་པའི་གདུང་བ་སེལ་བར་བྱེད། ཁྱོད་ནི་མུན་པའི་ནང་གི་སྒྲོན་མེ་རྐང་གཅིག་དང་འདྲ་ཞིང་། མུན་པའི་ནང་གི་ང་ཚོ་ལ་ཆེས་གསལ་བའི་འོད་སྣེ་སྟོན།

དགེ་རྒན་ལགས། ཁྱེད་ཀྱིས་ང་ཚོ་སྣབས་ལུག་གི་བྱིས་པ་ཞིག་ལས་རིག་གནས་ཤེས་བྱའི་ཁེངས་བའི་སློབ་མ་ཚུལ་ལྡན་ཞིག་ཏུ་བསྒྱུར། ཁྱེད་ཀྱིས་ང་ཚོའི་མི་མི་ཚེ་ལ་འོད་སྟོང་འབར་དུ་བཅུག་པས། ཁྱེད་ཀྱི་བཀའ་དྲིན་དང་བྱམས་སེམས་ནི་བདག་གིས་དུས་ནམ་ཡང་བརྗེད་མི་སྲིད། ཁྱེད་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་ང་ཚོ་ཤེས་བྱའི་ལྡུམ་ར་འདི་ནས་ནར་སོན་དུ་བཅུག  ད་དུང་ཁྱེད་ཀྱིས་རང་དོན་ཐམས་ཅད་རྒྱབ་ཏུ་བསྐྱུར་ནས་ང་ཚོའི་ཆེད་དུ་མི་ཚེ་དང་འཚོ་བ་ཡོད་ཚད་བློས་བཏང་ཡོད་པ་མ་ཡིན་ནམ། ཁྱེད་ནི་མཐའ་ཡས་བའི་མཁའ་དབྱིངས་སུ་རང་དབང་གིས་འཕུར་ལྡིང་བྱེད་པའི་བྱ་རྒྱལ་ཁྱུང་ཆེན་ཞིག་དང་འདྲ་བར། ཉམས་པ་མེད་པའི་སྟོབས་རྩལ་ཐར་ཆགས་སུ་བརྐྱངས་ནས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་ང་ཚོའི་ཆེད་དུ་དཀའ་ལས་མྱོང་སོང་། ཁྱེད་ལ་གཞན་ཕན་ཁོ་ན་སྒྲུབ་པའི་ནུས་པ་ལྡན་པས། ཁྱེད་ནི་ནམ་ཡང་ངའི་སྙིང་ལ་གནས་པའི་རླབས་ཆེན་གྱི་དགེ་རྒན་ཡིན།

དགེ་རྒན་ལགས། དེ་རིང་ནི་ཁྱེད་ཀྱི་རྟེན་འབྲེལ་གྱི་དུས་ཆེན་ཡིན་ལ། བདག་གིས་ཁྱེད་ལ་རྩོམ་འདི་ལེགས་སྐྱེས་སུ་འབུལ་འདོད། ཁྱེད་ཀྱི་བཀྲ་ཤིས་པའི་དུས་ཆེན་འདི་ལ། ཁྱེད་དགེ་རྒན་ཡོངས་ཀྱི་སྐུ་ལུས་བདེ་ཞིང་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ། ཁྱེད་ཚོའི་རླབས་ཆེན་གྱི་བྱ་གཞག་དེ་ང་ཚོས་དུས་ནམ་ཡང་བརྗེད་མི་སྲིད། དགེ་རྒན་ལགས། བཀའ་དྲིན་ཆེ།


མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་སློབ་མ་ཚོས་དགེ་རྒན་དུས་ཆེན་ལ་ཕུལ་བའི་མཆོད་པ།

དགེ་རྒན་དུས་ཆེན།

 

བརྒྱད་གཅིག་འཛིན་གྲྭ། ཀུན་བཟང་སྒྲོལ་མ།


ལོ་རེའི་ཟླ་དགུ་པའི་ཚེས་བཅུ་ཉིན་ནི་ང་ཚོ་ཡི་དགེ་རྒན་དམ་པ་རྣམས་ཀྱི་མཛད་རྗེས་ལ་འོད་སྣང་ལྡན་པའི་ཉིན་མོ་དེ་ཡིན་ལ་ཆེས་དགའ་འོས་པའི་ཉིན་མི་ཞིག་ཀྱང་ཡིན།

དགེ་རྒན་ཞེས་པའི་མིང་འདི་སྒྲ་འཛིན་རྣ་བས་ཐོས་མ་ཐག་ཏུ་རང་ཉིད་ཀྱི་སེམས་ལ་བཅོས་མིན་གྱི་བརྩེ་དུང་དང་ཡིད་ཆེས་ཀྱི་དད་པ། བརྩི་འཇོག་གི་གུས་པ་རྣམས་རང་བཞིན་དུ་ཐོན་བྱུང་ལ། འདི་དག་ནི་ལོ་ཟླའི་འཁོར་བསྐྱོད་ཀྱི་གོམས་འགྲོས་ཁྲོད་དུ་ངའི་སེམས་ནས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཡིན།

དགེ་རྒན་ལགས། ཁྱེད་ཀྱིས་ང་ཚོ་སྨག་རུམ་ལས་ཕྱིར་བཏོན་ལ། སྒྲོན་མེ་རྐང་གཅིག་གི་འོད་སྣང་ནམ་ཡང་ང་ཚོའི་ཕྱོགས་སུ་འཕྲོས་ཏེ་ཡོད།

དགེ་རྒན་ལགས། ཁྱེད་ཀྱིས་དཀའ་སྡུག་མང་པོ་རྒྱབ་ཏུ་ཁུར་ནས་རང་ལུས་ཀྱི་ཟུངས་བཅུད་ལྟ་བུའི་ཡོན་ཏན་དང་ལྷག་བསམ་རྣམ་དག་དེ་གངས་ལྗོངས་ཡུལ་གྱི་སློབ་ཕྲུག་རྣམས་ལ་ཕངས་སེམས་མེད་པར་གནང་བར་མ་ཟད། ང་ཚོའི་མ་འོངས་པའི་ཕུགས་འདུན་ལ་ཁ་ཕྱོགས་གསལ་བོ་ཞིག་བསྟན་པ་དང་ཤེས་རིག་གི་ཡལ་འདབ་སྨིན་སའི་དཔལ་ཡོན་གྱི་ཞིང་ཁམས་སུ་ཁ་ཕྱོགས་བསྒྱུར།

དགེ་རྒན་ལགས། ཁྱེད་ནི་ངེད་ཅག་གོམ་པ་སྤོས་སུ་བཅུག་སྟེ་མདུན་བསྐྱོད་ཕུགས་བསམ་གྱི་སྒོ་མོ་འབྱེད་མཁན་ཡིན་ལ། ཁྱེད་ནི་བློ་གསལ་ཤེས་རབ་ཀྱི་ལྡེ་མིག་དེའང་འདྲ། ཁྱེད་ནི་ང་ཚོའི་མི་ཚེ་ལ་ཁ་ཕྱོགས་སྟོན་པའི་མར་མེ་ཚེ་འབར་དེ་ཡིན།

དེ་བས། དགེ་རྒན་ལགས། ཁྱེད་ཀྱི་མཛད་རྗེས་ནི་གསུབ་ཏུ་མེད་ནམ་ཡང་མཐོ་སྒང་ན་འཚེར་བའི་སྐར་མ་འོད་ཆེན་དེ་ཡིན། ཁྱེད་ཀྱི་རྣམ་ཐར་དང་རྟོགས་བརྗོད་ལ་མཇལ་དུས་རང་བཞིན་གྱི་ཡིད་འགུལ་ཐེབས་ཡོང་གི་རེད།གང་ལྟར་ཁྱེད་ནི་ང་ཚོ་ཁ་བའི་ལྗོངས་ཀྱི་སློབ་མའི་སེམས་ཀྱི་སྙིང་ནོར་གཅིག་པུ་ཡིན། མཐར་ངས་ཁྱེད་ཀྱི་ལྷག་བསམ་དང་དྲང་བདེན་ལ་བརྗོད་མི་ཚར་བའི་བསྟོད་ཚིག་རིང་མི་ཞིག་འབྲི་བར་བསམ་པ་དང་ཆབས་ཅིག་ཏུ་དགེ་རྒན་དམ་པ་ཁྱེད་ཅག་གི་དུས་ཆེན་ལ་རྟེན་འབྲེལ་ཡང་ཡང་ཞུས་པ་ཡིན།

 

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་སློབ་མ་ཚོས་དགེ་རྒན་དུས་ཆེན་ལ་ཕུལ་བའི་མཆོད་པ།

དགེ་རྒན་དུས་ཆེན་བསུ།

བརྒྱད་གཅིག་འཛིན་གྲྭ། ཚེ་རིང་བསམ་འགྲུབ།


ཉི་མ་འདྲ་ལེའི་སློབ་གཙོ།།

ཟླ་བ་འདྲ་ལེའི་དགེ་རྒན།།

དུས་བཞིའི་དབྱེ་བ་མེད་པར།།

ནམ་ཡང་དགུང་དུ་འཛུམ་ཡོད།།

 

ཟླ་བ་དགུ་པའི་ཚེས་བཅུ།།

སྟོན་ཟླ་གསར་བའི་དབུ་ཁྱུད།།

སོ་ནམ་ལོ་ལེགས་བསྡུ་བའི།།

བསྐལ་བའི་དུས་ཚོད་འདི་རྨད།།

 

རང་སེམས་ངར་ལྕགས་གྱོང་བོ།།

གཞུ་བའི་མགར་བ་མ་བྱུང་།།

དགེ་རྒན་ཁྱེད་ཉིད་གཅིག་པུས།།

རེ་བའི་སྤྱན་གྱིས་གཟིགས་བྱུང་།།

 

གངས་རྒྱན་དཀར་པོའི་ངོས་ཀྱི།།

གངས་ཕྲུག་སྟོང་གི་སློབ་གླིང་།།

གངས་ལྗོངས་ཨ་མའི་རེ་བ།།

བཤེས་གཉེན་ཁྱེད་ཀྱིས་བསྩལ་བྱུང་།།


གནམ་འོག་དགེ་རྒན་ཡོངས་ཀྱི།།

སློབ་གསོའི་བྱ་གཞག་འགྲུབ་པར།།

དུས་ཆེན་ཁྱད་པར་འདི་ལ།།

སྨོན་འདུན་ཡང་ཡང་ཞུས་ཡོད།།

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་སློབ་མ་ཚོས་དགེ་རྒན་དུས་ཆེན་ལ་ཕུལ་བའི་མཆོད་པ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:བཤེས་གཉེན་ལམ་འགྲོའི་རྩ་བ་ཡིན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།