བརྩེ་བའི་འཕྲིན་པ།

        2023-09-01

དཔྱིད་ཀྱི་དཔལ་ལ་རོལ་གྱིན།།

ཁུ་བྱུག་ཚངས་མགུར་སྙན་པ།།

སྙིང་གཏམ་གསེར་གྱི་ཐིགས་པས།།

སྙིང་ཤ་ཡང་ཡང་བརླན་མྱོང་།།

དུས་ཀྱི་འགྱུར་བ་རྒོད་པས།།

ཁུ་བྱུག་མོན་གླིང་ཕེབས་སོང་།།

སྙིང་གཏམ་མུན་གླིང་མ་རྫོང་།།

སེམས་པ་སྡུག་གིས་ཁྱབ་འགྲོ།།

དབྱར་གྱི་ལང་ཚོར་ཧད་ཀྱིན།།

རྒྱ་སེའི་རང་ཚུགས་མཛེས་པ།།

མ་བཅོས་དམུལ་ཞལ་སྡུག་མོས།།

མིག་དབང་བདུད་རྩི་སྦྱིན་མྱོང་།།

ལྷགས་རླུང་རྒྱུ་ཕྱོགས་བཙན་པས།།

རྒྱ་སེ་སད་ཀྱིས་བཅོམ་སོང་།།

འཛུམ་ཞལ་གཞན་དུ་མ་ངོམས།།

མིག་མཐའ་མིག་ཆུས་གང་འགྲོ།།

སྟོན་གྱི་ཟང་ཟིང་སྤྱོད་ཀྱིན།།

སྣ་ལྔའི་འབྲུ་རིགས་སྤུངས་པ།།

མ་བསྐུལ་བརྩེ་འདང་དྲག་པོས།།

མཐའ་ན་རྨི་ལམ་བསྒུལ་མྱོང་།།

རྐང་གཉིས་བཀྲེས་མངོན་ཆེ་བས།།

གྲོ་ནས་བཟས་ནས་རྫོགས་སོང་།།

བརྩེ་བ་ལྷོད་ལྷོད་མ་གནང་།།

དམ་བཅའི་རི་མོ་འགྱུར་འགྲོ།།

དགུན་གྱི་ཁ་བ་འབབ་ཀྱིན།།

མུ་ཏིག་གནས་ཁང་གྲུབ་པ།།

རེ་སྒུག་ཆིག་ལབ་མོད་པས།།

རྣ་བར་སུན་སྣང་སྟེར་མྱོང་།།

ཉི་མའི་འོད་ཟེར་ཚ་བས།།

མུ་ཏིག་ཁང་ཆེན་གཏོར་སོང་།།

སེམས་པའི་སྒོ་མོ་མ་རྒྱག།

རེ་བ་སྟོང་པར་ཐིམ་འགྲོ།།

རྩོམ་པ་པོ། གཞི་ཚང་ཟླ་བ་གྲགས་པ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:མཆི་མས་བརླན་པའི་དབྱངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།