མཆི་མས་བརླན་པའི་དབྱངས།

        2023-08-30

ཐག་རིང་ཐག་རིང་དུ་ཁྱེད་ཉིད་བཞུགས་པ་རྟོགས་ཀི།།

རེད་དེ་ཐག་རིང་ནི་ནམ་ཡང་བར་ཐག་ཡིན་པས།།

རི་ལུང་ཐང་གསུམ་གྱི་འགག་འཕྲང་རིམ་གྱིས་བརྒལ་ན།།

ཉིན་རྟ་བརྒྱ་ཕྲག་གི་ལམ་འདི་ཆོད་པར་དཀའ་འདུག།

གཟུགས་པོ་མཉམ་འཛོམ་ནི་དགུན་ཁའི་འཇའ་ཞིག་ཡིན་པས།།

ཕྱི་རོལ་ཡོལ་བ་རུ་དགེ་བས་བཀྲག་པ་མེད་ཀྱང་།།

ཟླུམ་གཟུགས་སྙིང་ཁོང་ནས་མཆེད་པའི་རྣམ་ཤེས་དཀར་པོ།།

བཞིན་རས་མེ་ཏོག་གི་ཟེའུ་འབྲུ་གསེང་ན་གབ་ཡོད།།

རི་སུལ་དགའ་སྣང་གི་འཛུམ་བག་ཁོག་ཏུ་འཛུམ་ཞིང་།།

སེམས་པ་གྱི་ལིང་མ་གསབ་ཐུར་སྒྲོག་ལས་འཆོར་དུས།།

མི་སྡུག་ཉམས་སྣང་གི་ཤུགས་རིང་ནར་གྱིས་མ་འཐེན།།

བདག་གི་རྣམ་ཤེས་ནི་མུན་པའི་ཁམས་ལ་ཐིམ་འགྲོ།།

བདག་ནི་རྣམ་སྨིན་གྱིས་འཕངས་པའི་ལས་ངན་འདུ་ས།།

སྟོན་འབྲིང་ཟླ་བ་ཞེས་མང་པོས་མཆོད་བསྟོད་འབུལ་ས།།

མིག་གི་ལམ་ཆེན་དུ་མ་བཞུད་ནག་ནག་གོར་གོར།།

གནམ་མཐའི་སྐར་མ་དང་གླང་པོས་ཧད་དེ་ཅེར་ངེས།།

ཁྱེད་ནི་བསོད་ནམས་ཀྱིས་བཞེངས་པའི་འོད་ཀྱི་ཕུང་པོ།།

སྤྲིན་པ་རྒས་གཞོན་གྱི་ཐོག་ནས་མགོ་བོ་གཟེངས་ཏེ།།

བརྒྱད་པའི་བཅོ་ལྔ་ཡི་ཟླ་འོད་སྒོ་གསུམ་ཐིམ་དུས།།

སེམས་ཀྱི་སྐྱིན་འདངས་ལ་དར་ཁ་འགྲིག་པ་ཨེ་བྱུང་།།

དུས་ཚིགས་སྐྱིད་པོ་ཞིག་ཐུན་གསུམ་རྨི་ལམ་བཞིན་དུ།།

ཅི་ལྟར་འཛད་པ་ནི་མ་ཤེས་སྐྱ་རེངས་གྲོལ་འདུག།

གྱེས་པའི་ཟླ་ཞག་ནི་ལོ་དང་བསྐལ་བའི་ཚུལ་གྱིས།།

མི་སྐྱེན་ཁོམ་དལ་རང་གནས་པ་སེམས་ཀྱི་བདེན་པ།།

མི་འདོད་གདུང་བ་ནི་མ་འབད་རང་ལ་ཐོབ་དུས།།

མི་སྡུག་བཅོ་ལྔ་ལ་མ་བཅོས་ངང་གིས་སྒུག་ཡོད།།

མི་འགྱུར་མདུད་པ་ནི་མ་ལྷོད་དམ་པོར་ཚུགས་ན།།

མི་རིང་དུས་ཚིགས་ནི་མ་ཚེས་མེད་པ་མི་སྲིད།།

ལོ་མ་སེར་པོ་དག་དུས་ཀྱིས་ངེས་མེད་བཀྲམ་ཏེ།།

རྒྱ་ལྕང་སྐྱ་གཟུགས་དེ་གཅིག་པུར་སྨྲེང་བ་ཚོར་ན།།

བདག་ལ་མི་སྡུག་པའི་ཉམས་ཤིག་ཤུགས་ཀྱིས་ཤར་བས།།

མི་བཟོད་དབྱངས་རྟ་ཞིག་མགྲིན་པའི་སྦུབས་ནས་ཐལ་ལོ།།

༼ གཞི་ཚང་ཟླ་བ་གྲགས་པ། ༽


  • ལེ་ཚན་སྔོན་མ།:བཤེས་གཉེན་ལ་གུས་ པ་དང་བཀའ་དྲིན་རྗེས་སུ་དྲན་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།