སེར་ཤུལ་རྫོང་བེ་མདའ་ཡུལ་ཤོག་དབེན་པ་སྡེ་བའི་ལག་ཤེས་ཐོན་རྫས།

        2023-08-30

བེ་མདའ་ཡུལ་ཤོག་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་མངའ་ཁོང་གི་ཡུལ་ཤོག་ཅིག་ཡིན་ལ། རྫོང་མཁར་དང་བར་ཐག་སྤྱི་ལེ140ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ242.9ཡོད། རི་རྩེད་དང་འོད་ཟེར། དཔལ་ཡུལ། འཕྲང་འགོ། སྨན་འབྲས། ཀ་པ། བེ་མདའ། དབེན་པ། རྟགས་བརྒྱད། དགེ་བཟང་སོགས་གྲོང་ཚོ་མང་པོས་གྲུབ་པའི་ཡུལ་ཤོག་ཅིག་ཡིན། ཡུལ་ཤོག་འདི་ནི་རྟ་ནོར་ལུག་གསུམ་ལ་བརྟེན་པའི་འབྲོག་ལས་དང་གྲོ་ནས་སྲན་གསུམ་ལ་བརྟེན་པའི་ཞིང་ལས་གཉིས་རོང་འབྲོག་འཚོ་བའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཡུལ་ཤོག་ཁྱད་པར་བ་ཞིག་ཡིན་པར་མ་ཟད། དབྱར་རྩྭ་དགུན་འབུ་སོགས་རང་བྱུང་གི་སྨན་རྩྭ་མང་པོ་ཡོད་པའི་བོད་ལུགས་དང་ཀྲུང་ལུགས་སྨན་རྒྱུད་ཀྱི་ཐོན་རྫས་འབྱུང་སའི་ས་ཆ་ཞིག་ཀྱང་ཡིན་ལ། རི་སྐྱེས་སྲོག་ཆགས་གླ་བ་དང་ཤྭ་བ། གཉན་སོགས་ཀྱི་ཕ་ས་ཡང་ཡིན།

ས་གནས་འདི་ནས་འཚར་ལོངས་བྱུང་བའི་ཆོས་བློ་ནི། སྤྱི་ལོ1973 ལོར་དབེན་པ་སྡེ་བ་རུ་སྐྱེས། ཆུང་དུས་ནས་དབེན་པ་སྡེ་བའི་སློབ་གྲྭར་ཞུགས་ནས་བོད་ཡིག་དང་བྲིས། ལྷ་རིས་སོགས་རིག་པའི་གནས་ཀུན་ལ་སྦྱང་བ་ལྷོད་མེད་མཛད། གཞན་ཡང་བསོད་ནམས་ཉི་མ་དང་ཀརྨ་བདེ་ལེགས་གཉིས་དགེ་རྒན་དུ་བརྟེན་ནས་ལག་ཤེས་ཤིང་བཟོ་དང་ཚེམ་དྲུམ་སོགས་ལའང་མི་དམན་པ་སྦྱངས། སྤྱི་ལོ2009ལོར་དབེན་པ་སྡེ་བ་རུ་དབེན་པ་ལས་རིགས་ལག་རྩལ་ཁང་ཞེས་པ་ཞིག་བཙུགས་ནས་སློབ་མ་མང་པོ་གསོ་སྐྱོང་བྱས་པ་དང་། སློབ་གྲྭའི་འཚོ་བའི་ཆ་རྐྱེན་དང་སློབ་མའི་མཁོ་ཆས། དགེ་རྒན་གྱི་མཐུན་རྐྱེན་སོགས་ཕྱོགས་ཀུན་ནས་དཀའ་ཁག་ལ་མ་འཛེམ་པ་རང་ནུས་གང་ཡོད་ཀྱིས་ཕྱག་ལས་གནང་། ལྷག་པར་ཏུ་རང་ཡུལ་གྱི་ཐོན་རྫས་བོད་སྤོས་དང་བྲོ་རྫས། གྲོ་མ། ཕྱུར་བ། འབག། འབུ་འདྲ། མ་ཚད་ལྷ་བྲིས་དང་ཤིང་བཟོའི་ལས་ཀ། ཚེམ་བཟོ་སོགས་ལ་བསྟེན་ནས་ཕ་ཡུལ་གྱི་དཔལ་འབྱོར་དང་རིག་གནས་ལ་སྲི་ཞུ་གང་ནུས་བསྒྲུབས་ཡོད།

སྤྱི་ལོ2017ལོར་སློབ་གྲྭ་དེ་ཉིད་རྒྱ་བསྐྱེད་བཏང་བ་དང་། ལས་ཤོར་སློབ་མ་མང་པོའི་ལས་ཞུགས་ཐག་གཅོད་བྱས། མ་འོངས་པར་ཡང་མི་དམངས་ལ་ཕན་ཐོགས་ཆེད་དུ་རིག་གནས་འདི་དག་མི་ཉམས་རྒྱུན་འཛིན་ཡོང་ཐབས་འབད་བརྩོན་དང་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་བཞིན་ཡོད་པས། སེར་ཤུལ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། ཡུལ་ཤོག་ཏང་ཨུ་དང་སྲིད་གཞུང་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་ཡིད་ཆེས་དང་རྒྱབ་སྐྱོར། རོགས་རམ་ཐོབ་ནས་སྤྱི་ལོ2021ལོར་ཀྲུང་འབྲུ་ཚོགས་པས་སློབ་གྲྭ་འདི་རྒྱ་བསྐྱེད་བཏང་བའི་མཐུན་རྐྱེན་དུ་སྒོར་ཁྲི150ཞལ་འདེབས་ཕུལ་ནས་སློབ་ཁང་འཛུགས་བསྐྲུན་བྱས།

( ལས་ཞོར་གསར་འགོད་པ་བསྟན་འཛིན་ཡེ་ཤེས་ཀྱིས་བྲིས། )


  • ལེ་ཚན་སྔོན་མ།:ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་འབྲུབ་འགོག་གནོད་སེལ་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག།་གསུངས་བཤད་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།