ཧྥུང་ཧྥ་ཀུའེ་ཡིས་འབོ་ཞབས་གྲོང་རྡལ་དུང་དཀར་ལུང་པའི་དྲག་ཆར་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐག་གཅོད་བྱེད་པའི་ལས་དོན་ལ་མཛུབ་ཁྲིད་གནང་།

        2023-08-25

སྤྱི་ཟླ8པའི་ཚེས20ཉིན།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་སྲིད་གཞུང་གི་ཁུལ་དཔོན་ཧྥུང་ཧྥ་ཀུའེ་དུང་དཀར་ལུང་པ་འབོ་ཞབས་གྲོང་རྡལ་དུ་ཕེབས་ཏེ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐག་གཅོད་བྱེད་པའི་ལས་དོན་ལ་མཛུབ་ཁྲིད་གནང་བ་དང་།“8·20”དུང་དཀར་ལུང་པའི་དྲག་ཆར་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཚོགས་འདུ་དང་ཁུལ་ཡོངས་ཀྱི་འབྲུབ་འགོག་གནོད་སེལ་ལས་དོན་བརྙན་ལམ་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་སྟེ་འབྲུབ་དུས་ཀྱི་ཉེན་ཟོན་དང་གནོད་འཚེ་ཐག་གཅོད་བྱས་ཚུལ་གྱི་སྙན་ཞུར་གསན་ཞིང་། གནོད་འཚེར་ཁ་གཏད་གཅོག་པའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

ཧྥུང་ཧྥ་ཀུའེ་སྔ་རྗེས་སུ་འབོ་ཞབས་གྲོང་རྡལ་འཆམ་མཐུན་གྲོང་ཚོ་གཉིས་པ་དང་གངས་དཀར་ཆུ་ཚན་མགྲོན་ཁང་སོགས་གནོད་འཚེ་ཕོག་ཁུལ་དུ་ཕེབས་ཏེ་ལྗོངས་ཁུལ་གྱི་གཞུང་ལམ་དང་མང་ཚོགས་ཀྱི་སྡོད་ཁང་ལ་གནོད་འཚེ་ཐེབས་ཚུལ།མང་ཚོགས་གནས་སྤོ་བཅས་ཀྱི་གནས་ཚུལ་ལ་ཞིབ་རྟོགས་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲུབ་འགོག་གནོད་སེལ་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་སྙིང་དོན་དང་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲུབ་འགོག་གེགས་སེལ་བཀོད་སྒྲིག་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱ་དགོས། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཐོག་མཐའ་བར་གསུམ་དུ་གཙོ་བོར་བཟུང་ནས་མང་ཚོགས་གནས་སྤོའི་བཀོད་སྒྲིག་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་འབྲེལ་ལས་ཀའི་ཆེད་ལས་ཚན་པ་བཙུགས་ནས་ས་ཁོངས་ནང་གི་གནོད་འཚེ་འབྱུང་སླ་བའི་ས་ཆ་དང་།གནོད་འཚེ་བྱུང་མང་བའི་ས་ཆ།གནོད་འཚེ་འབྱུང་སའི་ས་ཆ་བཅས་ལ་ཁྱོན་ཡོངས་ནས་གྲལ་བཤེར་བྱས་ཏེ་འཕྲུལ་ཆས་དང་ཡོ་བྱད་མཐུན་སྦྱོར་ཧུར་ཐག་བྱས་ཐོག་ཆུ་ལམ་བཤངས་བ་དང་གྱང་བརྟན་དུ་གཏོང་བ་སོགས་ཀྱི་འཚུབ་བསྟུན་བྱ་ཐབས་བཟོས་ནས་རྗེས་མཐུད་དྲག་ཆར་སོགས་གློ་བུར་དུ་ཐོན་པའི་གནམ་གཤིས་ལ་ཁ་གཏད་གཅོག་ཆེད་གྲ་སྒྲིག་ཡག་པོ་བྱ་དགོས།

དེ་རྗེས་ཧྥུང་ཧྥ་ཀུའེ་ཡིས“8·20”དུང་དཀར་ལུང་པའི་དྲག་ཆར་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཚོགས་འདུ་སྐོང་ཚོགས་གནང་ཞིང་།ཁོང་གིས་དུས་ཐོག་ཏུ་ཉེན་མེད་ཚན་རིག་གི་རྩ་དོན་མཐའ་འཁྱོངས་དང་།ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་གཅོད་པ།རང་འགུལ་ངང་བྱ་སྤྱོད་སྤེལ་བ་བཅས་བྱས་ཏེ་ལས་གྲྭའི་བྱ་ཐབས་སྟབས་བདེ་སྤྱད་པ་བརྒྱུད་གནོད་འཚེ་དེ་བས་ཆེ་བ་འགོག་ཆེད་གྲ་སྒྲིག་ཡག་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་གྱོང་གུན་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་པའི་ནན་གསུང་གནང་བ་རེད། སྤོ་བསྒྱུར་བྱས་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་དང་།མང་ཚོགས་ལ་སེམས་གསོ་བྱེད་པ།སྲིད་ཇུས་ཀྱི་ཆ་རྐྱེན་འཛོམས་པའི་མང་ཚོགས་ལ་འཚོ་བའི་རོགས་སྐྱོབ་དང་དངོས་རྫས་ཁ་གསབ་བཅས་བྱས་ནས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་དགོས།

“8·20”དུང་དཀར་ལུང་པའི་དྲག་ཆར་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཚོགས་འདུ་མཇུག་འགྲིལ་རྗེས་ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་འབྲུབ་འགོག་གནོད་སེལ་ལས་དོན་བརྙན་འཕྲིན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས་འབྲི་ཆུའི་བྲུབས་རྩེའི་མཚམས་དང་དྲག་ཆར་འབབ་པའི་བརྒྱུད་རིམ་ལ་ཁ་གཏད་གཅོག་པ་སོགས་འབྲུབ་དུས་ཀྱི་དོགས་ཟོན་གནས་ཚུལ་སྐོར་གྱི་སྙན་ཞུར་གསན་པ་དང་འབྲེལ་གནོད་འཚེར་ཁ་གཏད་གཅོག་པའི་ལས་དོན་བཀོད་སྒྲིག་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན།གནས་ཚུལ་དངོས་ལ་དམིགས་ཏེ་ཉེན་ཟོན་ཏན་ཏིག་དང་།ཉེན་ཟོན་སྔོན་བརྡ་གཏོང་བར་ཤུགས་སྣོན།མི་མངོན་པའི་རྐྱེན་ངན་གྲལ་བཤེར་མཐར་ཕྱིན་བཅས་བྱས་ནས་ཉེན་བརྡ་གཏོང་བའི་ནུས་ཐོན་དུས་ཚད་སྔར་བས་མཐོ་རུ་གཏང་དགོས། ཉམས་མྱོང་བསགས་ནས་འབྲུབ་དུས་ཉེན་སེལ་གྱི་དཔེ་མཚོན་ཉམས་མྱོང་མང་པོ་དུས་ཐོག་ཏུ་ཕྱོགས་སྡོམ་བྱས་ཏེ་འཚུབ་བསྟུན་ཉེན་གཡོལ་གྱི་སྔོན་ཇུས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏང་དགོས། དུས་ཐོག་ཏུ་གནོད་འཚེའི་གནས་ཚུལ་གོང་ཞུ་བྱེད་པ་དང་འཕྲིན་ལམ་ཤར་གཏོང་ཐུབ་པ་བྱས་ནས་དུས་ཐོག་ཏུ་གནོད་འཚེ་ཕོག་ཁུལ་གྱི་གནས་ཚུལ་ཇི་མ་ཇི་བཞིན་གོང་ཞུ་བྱེད་པ་དང་འབྲེལ་རྒྱབ་སྐྱོར་ཐོབ་ཐབས་ཧུར་ཐག་བྱ་དགོས། ཉེན་ཟོན་རིང་ཁུལ་དང་། རྫོང་། ཡུལ་ཤོག་བཅས་རིམ་གསུམ་གྱིས་ལས་རེས་བརྟན་སྲུང་བྱས་ཏེ་བཀོད་གཏོང་བྱ་བར་ཤུགས་བསྣན་དགོས་པ་དང་། གནམ་གཤིས་སྡེ་ཚན་གྱིས་ཆར་བབ་སྔོན་བརྡའི་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་རྒྱག་པ་དང་། ས་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་བྱེད་མཁན་གྱིས་སྐོར་ཞིབ་བྱེད་པར་ཤུགས་བརྒྱབ་སྟེ་དུས་ཐོག་ཏུ་ཉེན་ཟོན་སྔོན་བརྡ་གཏང་དགོས།།

(ནོར་བུས་བསྒྱུར།)


  • ལེ་ཚན་སྔོན་མ།:ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:ཧྥུང་ཧྥ་ཀུའེ་ཡིས་རྟའུ་དང་བྲག་མགོ། དཀར་མཛེས། སྡེ་དགེ་རྫོང་བཅས་སུ་བརྟག་དཔྱད་ཞིབ་འཇུག་གནང་སྐབས།
  • དོ་སྣང་ཆེ་བའི་རྩོམ།