ཕ་ཡུལ་གྱི་དཔྱིད་ཀ་རྗེས་སུ་དྲན་པ།

ལྕང་ཞབས་འགྱུར་མེད་ཚེ་དབང་།        2023-08-23

ཕ་ཡུལ་གྱི་དཔྱིད་ཀ་རྗེས་སུ་དྲན་པ།

རྩོམ་པ་པོའི་སྐུ་པར།


     རང་ཉིད་ལོ་ནར་སོན་རྗེས་འཚོ་བ་སྐྱེལ་ས་དང་།  རྒྱུན་སྡོད་བྱེད་ས་མང་ཤོས་དེ་གྲོང་ཁུལ་ཅུང་ཆེ་བ་ནང་དུ་ཡིན་སྟབས།  དུས་བཞིའི་འགྱུར་བ་སྔོན་མ་རང་གི་ཕ་ཡུལ་ནང་བཞིན་དེ་ཙམ་གསལ་པོ་ཞིག་མ་རེད། ཁྱད་པར་དུ་ང་ཆུང་དུས་ཕ་ཡུལ་གྱི་དུས་བཞིའི་འགྱུར་བ་ནི་ཆེས་གསལ་ཞིང་། ཚོར་སྣང་སྐྱེན་པོ་སློང་ཐུབ། དེ་ལས་ཀྱང་ཕ་ཡུལ་གྱི་དཔྱིད་ཀའི་རྣམ་པ་དང་། དེས་ང་ལ་བཞག་པའི་བག་ཆགས། ཚོར་སྣང་། ཤུགས་རྐྱེན་སོགས་ཧ་ཅང་འབུར་དུ་ཐོན་པ་ཞིག་རེད། ངོ་མའི་སེམས་གཏིང་དུ་ཟུག་པའི་སྙན་ངག་དངོས་མ་ཞིག་ཡིན། ངས་ནམ་ཡང་བརྗེད་ཐུབ་ཀྱིན་མི་འདུག།

     དེ་ཡང་མ་གཞིར་ཕ་ཡུལ་ལ་དགའ་ཞིང་ཕ་ཡུལ་ལ་དུང་། ཕ་ཡུལ་ནི་ང་རང་ལྟེ་ཁྲག་ས་ལ་འཕོས་ས་དང་པོ་དེ་ཡིན་ལ། དྲིན་ཆེན་མ་ལོའི་སྙིང་གཏིང་གི་བརྩེ་བའི་བཅུད་ཀྱི་ནུ་འོ་ལ་བརྟེན་ནས། གཉོར་སྐྱོང་བྱས་ཤིང་། འཇིག་རྟེན་འཚོ་བའི་དབུ་ཁྱུད་འབྲི་ས་དང་། བྱ་བ་ལ་བཞི་ཤད་བྲིས་ཤིང་ཚེ་སྲོག་མཇུག་རྫོགས་པའི་དུས་སུ་བླ་དང་རུས། ཞེན་གོག་སོགས་ལུས་རྒྱུ་ཞིག་ཡོད་ན་ལུས་ས་ཡང་དེར་ཡིན་རྒྱུ་རེད། ཧ་ཅང་དགའ་ཞིང་གཅེས། ཕ་ཡུལ་འདི་རྗེས་དྲན་བྱེད་ནའང་སེམས་ཚོར་དྲག་པོ་ཞིག་རྒྱུན་ལྡན་དུ་ཡོང་གི་འདུག ཁྱད་པར་དུ་དེ་རིང་ཡང་ཆུང་དུས་ཕ་ཡུལ་གྱི་དཔྱིད་ཀའི་རྣམ་པ་ཞིག་ཡིད་ལ་ལམ་མེར་ཤར་བྱུང་།   དེ་ཡང་འདི་ལྟར། རི་ལ་སོང་ན་རྩྭ་སྐྱ་རླུང་གིས་གཡོ་ཞིང་འཇག་མས་བསིལ་གླུ་ལེན་ས་ན།  བྱ་དང་བྱེའུ་རླུང་གིས་སྤུར་བཞིན་ཡོད། རི་བོང་འགའ་དང་འགའ་ཞིག་རྣ་བས་སོ་བ་བྱས་ནས་ཉལ་ཡོད། རི་བོང་འགའ་ཞིག་ནི་རྣ་བས་གཤོག་པ་བྱས་ཏེ་འཕུར་མཆོང་བྱེད། དབྱར་དུས་ཐང་ལ་བཀྲམ་པའི་འཕྱི་བ་རྒྱག་པ་དེ་དག་ཁོག་སྟོང་ཀོ་པགས་རླུང་གིས་སྤུར་བཞིན་རྒྱུ། དབྱར་གཞུང་དུ་རྩྭ་དང་རྩི་ཐོག་རྒྱས་ས་ན། བྱ་དང་བྱེའུ་དང་། སྲིན་འབུས་གནམ་ས་འགེང་པའི་སྒྲ་སྐད་དེ་དག་མི་མངོན་ཞིང་འཇམ་ཅག་གེར་གྱུར། རི་ཐང་རྣམས་སུ་ནོར་གནག་གི་ཚོམ་བུའི་ཚོ་དང་ཚོ་བྱས་ཏེ། སྐྱ་ཆད་སྔོ་སྡུག་གི་གཟན་ལ་གཡེངས་ཤིང་ལེ་དབར་མང་པོར་རྒྱང་བཅད་བྱས་པས། རྫི་བོའི་ལུས་སེམས་ལ་དཀའ་ཚེགས་སྦྱིན།  རོང་དུ་སོང་དུས་གང་དུ་བལྟས་རུང་བུ་མོ་གཞོན་ནུ་མ་ཞིག་གིས་རྒྱན་སྤྲོས་གང་ཡང་མེད་པར་ཤ་རྗེན་དཀར་མདངས་ཆེ་བའི་ངང་ཚུལ་ཞིག་ངོམ་པ་བཞིན། ཁོར་ཡུག་རྣམས་སུ་ས་གཞིའི་འོད་མདངས་ཆེས་གསལ་བའི་ལྡོག་འཕྲོ་དེས་རང་ཉིད་ཀྱང་ཞུམ་པར་བྱས།  སྐབས་དང་སྐབས་སུ་ཐལ་སྐྱ་རླུང་དང་སྦྲེལ་ནས་གནམ་ལ་ལྡང་ཞིང་ས་མ་རླུང་སྐོར་བྱས་པས་བྱ་དང་བྱེའུ་དེ་དག་མཁའ་དབྱིངས་སུ་ཤེད་ཀྱིས་འཕུར་འདེད་བྱེད། བཤད་མི་ཤེས་པའི་ཚོར་བ་ཞིག་དང་ཡ་མཚན་གྱི་མྱོང་བ་ཞིག གཡས་ཕྱོགས་གཡོན་ཕྱོགས་གང་དུའང་གསལ་སེང་སེང།  མཐའ་མེད་མུ་མཐའ་མེད་པར། རྒྱང་རིང་དུ་མིག་ཇི་ཙམ་གྱེར་ཡང་གང་དུའང་མཐའ་མེད་པའི་སྣང་ཚུལ་ཞིག  ས་གཞིའི་ངོས་ལ་ཁ་བ་དུམ་བུ་རེ་དང་།  འཁྱག་རོམ་སྒོར་སྒོར་རེའི་མཐའ་ཤམ་དུ་རློན་གྱིས་བརླན་པ་དེ་དག་ཏུ་སྲོག་དབང་གསར་དུ་ཐོགས་པའི་མེ་ཏོག་སྔོ་ནེ་བ་རེ་དང་རྩྭ་ལྗང་ཐར་ཐོར་རེ་མཐོང་དུས་བཤད་མི་ཤེས་པའི་ཚོར་སྣང་ཞིག་ཡོད། བྱ་དེ་ཕོས་ནངས་པའི་སྔ་བརྡ་དང་པོ་གཏོང་དུས། ན་གཞོན་ཕོ་མོ་ཚོ་གླང་ལ་སྒྱེ་མོ་ཆ་རེ་བཀལ་ནས་འདེད་བཞིན། ལྕི་བ་འཐུ་སར་བསིལ་རླུང་ལ་གདོང་པ་གཏོད་ཅིང་། མདུན་བསྐྱོད་ཀྱི་མགུར་གླུ་དབྱངས་རྟ་ལ་དྲངས་ནས་རི་ལ་འཛེགས། ལྷིང་འཇགས་ཀྱི་ཁོར་ཡུག་ནང་དུ་གླང་གི་གོམ་བགྲོད་ཁོབ་སྒྲ་དང་ཀོབ་སྒྲ་ཇེ་གསལ་ཡིན། ཆུ་འགྲམ་གྱི་སྤང་དང་རྩི་ཤིང་དེ་དག། འཇམ་ཞིང་མཉེན་པ་འམ་སྲ་ཞིང་མཁྲེགས་པ་གང་ཞིག་ཡིན་བཤད་མི་ཤེས་པའི་ཚོར་སྣང་གིས་སེམས་པ་ལ་འགལ་ཟླ་སློང་། ཁང་པའི་ཕྱིའི་གྱང་ངོས་རྣམས་སུ་ཆར་ཤག་གིས་རི་མོ་བྲིས་པས་རང་བྱོན་གྱི་བང་རིམ་བརྩེགས་པ་དེ་དག་ཇེ་གསལ་དུ་གྱུར། ལམ་ཆེན་དང་ལམ་ཕྲན་གང་དུའང་ཐལ་འབགས་ཐོག་ཏུ་རྐང་པའི་རྗེས་ཤུལ་གཏིང་ཟབ་དོད་པ་གྲངས་མི་ཐེབས།   སྐྱུང་ཀས་ཁང་པའི་བད་ཀ་ནས་མགྲིན་པ་བསྲིངས་ཏེ་ཅ་ཅོ་བསྒྲགས་པས་རྣ་བ་གཤགས་ནས་སྙིང་མི་བདེ་བའང་བྱེད།  སྐྱ་ཀས་བྱི་ལ་དག་ལ་འཇིགས་སྐུལ་གྱིས་ཆེས་རྣོ་བའི་ཚེག་སྒྲ་སྒྲོག   བྱེའུ་ཁྱུ་དང་ཁྱུ་བྱས་ནས། ཕར་ཞོགས་ཚུར་ཞོགས་ཀྱིས་བཞུར་སྒྲ་སྒྲོག་བཞིན་འཕུར་བ་ནི།  དཔེ་དེབ་ཀྱི་ཤོག་ངོས་བརྒྱ་ཕྲག་མང་པོ་ཞིག་སྟབས་གཅིག་བསྒྱུར་བ་དང་འདྲ། རྣམ་པ་འདིས་དེ་ལས་ཀྱང་ཁོར་ཡུག་ནི་ལྷིང་འཇགས་སུ་བསྒྱུར།  དཔྱིད་ཀྱི་བདག་མོའི་ངེས་མེད་ཀྱི་རྣམ་འགྱུར་དེས་ལུས་སེམས་གཉིས་ཀར་དྲོ་གྲང་དང་བདེ་སྡུག་གི་ཚོར་སྣང་སྟེར། ཞིང་ལས་པ་རྣམས། ངོ་གདོང་ལ་དཔྱིད་ཀྱི་དཔལ་ཡོན་རྒྱས་ཤིང་། རེ་བའི་འཛུམ་གྱིས་བཀང་ནས། ལྭ་བའི་ཐུ་བ་རླུང་ཁ་ལ་སྤུར་བཞིན། སྨིག་རྒྱུ་དང་མཉམ་དུ་བྲེལ།  ས་ཞིང་གི་རེའུ་མིག་ནང་དུ་རྨོན་པ་དོར་སྡེབས་ཀྱིས་ཀི་དང་ལྕགས་ཚན་མི་བུ་གསུམ་གྱིས་ས་ནག་ཤར་ཤར་དང་ཤར་ཤར་གྱིས་སློག་སྒྱུར་བྱས། ད་དུང་གྲོང་གསེབ་རྣམས་སུ་བ་མོ་དང་གླང་གི་སྐད་ཉམས་ངར་བ་རེའང་དཔྱིད་ཉིན་རིང་པོ་དང་འགྲོགས་ནས་གྲགས་བཞིན་ཡོད།  ང་ཚོ་ཡོད་སའི་ཁང་ལྟག་གི་རི་ངོས་དེ་ནས་ལུག་མ་མོ་མ་བུས་འབའ་སྒྲ་རེའང་རྒྱུན་དུ་ཚོར།   དཔྱིད་ཀའི་ར་ལུག་སོགས་མུག་གིས་ཤི་བའི་རོ་ལ་གཡེངས་བའི་བྱ་རྒོད་ཀྱིས་ལྡིང་སྐོར་བརྒྱབ་པ་ནི་རྒྱུན་ལྡན་ཡིན། རེའུ་དང་ལུ་གུ་སྦར་འཁྱེར་བྱེད་པའི་གླག་རྒོད་དག་ས་དང་ཁ་ཐག་ཉེ་ས་ནས་འཕུར་དུས་ཀི་དང་འུར་སྒྲས་སྐྲོད་ཐབས་བྱས།  ཕྱི་དྲོ་རྣམས་སུ་སྐྱེས་པ་རྒན་གཞོན་འགའ་རེས། ལྕག་ཚན་རེ་ལག་ཏུ་བཟུང་ནས། རྟ་ལ་བཅིབས་ཤིང་ཁ་འཐེན་ཡོབ་གནོན། ལུས་ཚུགས་ཙུག་ཙུག་བྱེད་པ་དང་། ཕྱིར་དགྱེས་དགྱེས་བྱེད་པ་སོགས་ཀྱིས་འགྲོས་བསླབས་ནས་དུས་ཚོད་རིང་པོ་བཏང་། སྐབས་རེ་ལ་བཏགས་ཁྱིས་ངར་སྐད་ལྷང་ལྷང་དུ་གྲགས་ཤིང་འདོགས་བྱེད་ལྕགས་ཐག་གི་སེང་སྒྲ་གོ་དུས་ཁྱིམ་ཚང་དེར་འགྲུལ་བ་གསར་པ་ཞིག་སླེབས་པར་ཤེས། ང་ལ་ནི་དཔྱིད་ཀའི་དུས་འདིར་ཁྱིམ་དུ་བསྡད་ནས་ཇ་མར་གྱིས་བསྣོལ་བའི་རྩམ་པ་རེ་ཟོས་ནས། མེ་རྭ་ནང་དུ་ཤུག་པ་སྐམ་པོ་ཞིག་སྦར་བས།  དྲི་ཞིམ་ངེད་ཀྱིས་ཁྱབ་པར་བྱེད་ཅིང་། ཆ་སྒམ་རྙིང་པ་གནའ་ཚོན་ཅན་ཞིག་ཁྱིམ་རྒྱན་དུ་ཡོད་ཅིང་། འོ་ཇ་རླངས་པ་ཐུ་ལུ་ལུ་བྱེད་པ་ཞིག་ཅོག་ཙེའི་ཐོག་ཏུ་བཞག་ནས། ཀློག་མ་ཐུབ་རུང་དཔེ་དེབ་ཁ་ཤས་ཟུར་དུ་བཞག་ན། སེམས་ངལ་སོས་པ་དང་། འཚོ་བ་ལ་སྙིང་པོ་རེ་ཡོད་སྣང་གིས་ཕྱི་རོལ་ཡུལ་གྱི་འཇིག་རྟེན་དེ་བརྗེད་ཅིང་ནང་དུ་བདེ་སྐྱིད་ཀྱི་ཚོར་སྣང་རེ་ཡོང་གི་ཡོད།


སྤྱི་ལོ2022ལོའི་ཟླ་བ6པའི་ཚེས7ལ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:འབྲོག་ཐང་གི་རྩྭ་རྐང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།