ཡུམ་ཆེན་ལགས། སྐུ་ངལ་ཞིག་གསོ་རོགས།

        2023-07-28

རྩོམ་ཡིག་ཅིག་གི་རྒྱབ་ལྗོངས་ན་འོད་ཆེམ་ཆེམ་དུ་འཚེར་བའི་སྐར་འོད་རྡོག་ཅིག།མི་ཚེའི་ལོ་རྒྱུས་དང་སླད་མ་འདྲེས་པའི་བྱམས་བརྩེ་ནི་དེ་བས་ཀྱང་ངོ་མཚར་འདི་ནི་ངའི་ཨ་མ་ལྟ་བུ་གཅིག་ཙམ་མ་ཡིན་པར་འགྲོ་བ་མིའི་ལུས་རྟེན་དུ་སྐྱེས་པའི་སྤྱི་མཐུན་གྱི་ཨ་མ་ཡོད་ཚད་ལ་དེ་འདྲའི་ངོ་མཚར་བའི་ལོ་རྒྱུས་ཀྱི་རིན་ཐང་ལྡན་ཞིང་མཚོན་ཐབས་བྲལ་བའི་བྱམས་བརྩེ་ནི་ཁོ་ཚོའི་མ་བཅོས་ལྷད་མེད་ཀྱི་རང་གཤིས་ཤིག་ཏུ་ཆགས་ནས་ཡོད།

ཨ་མ་ནི་ཁྱིམ་ཚང་གི་ཡོད་ཚད་བདག་གཉེར་བྱེད་པའི་མི་བུ་རླབས་ཆེན་ཞིག།

སྤྲིན་པ་འཕྲེད་དུ་ཉལ་བའི་འབྲོག་པའི་ཐང་ཆེན་གྱི་དཀྱིལ་དུ་མོ་རང་དུས་རྒྱུན་ཁྱིམ་ཚང་གི་ལས་ཀའི་དོན་དུ་འདུར་ནས་ཡོད་ལ།དགུན་གསུམ་གྲང་ངར་དང་དབྱར་གསུམ་ཆར་ཆུའི་ཁྲོད་དུ་བུ་ཕྲུག་དང་ཁྱིམ་ཚང་གི་འདས་མ་ད་གསུམ་གྱི་འཚོ་བའི་ཆེད་དུ་དཀའ་ངལ་ཡོད་ཚད་གདོང་གཏད་བྱས་ཏེ་མོ་གཅིག་ལྕོགས་ཀྱིས་ལས་ཀ་གཉེར་བ་ནི་ཁོ་མོའི་འགན་འཁྲི་ལོས་ཡིན་སྙམ་པའི་འདུ་ཤེས་དེའི་སྒང་ནས་བསྒྲུབས་དང་སྒྲུབ་བཞིན་མཆིས།

དུས་རྒྱུན་ཕྱིར་དྲན་ཞིག་བྱོས་དང་དྲན་འོས་ཤིང་གླེང་འོས་པ་ནི་ཨ་མ་ཚོར་འཆི་བ་ཞེས་པའི་ཡིད་སྐྱོ་བའི་དུས་ཚོད་ཀྱིས་མ་ཟིན་པའི་བར་དུ་བུ་ཕྲུག་གི་བདེ་སྐྱིད་ཀྱི་ཆེད་དུ་བསམ་བློ་འཁོར་སྟངས་དང་ལས་ཀ་བྱེད་སྟངས་སོགས་མདོར་ན་སྐྱིད་ལ་སྡུག་པའི་མི་ཚེ་འདིའི་མཇུག་མ་རྗོགས་པའི་བར་དུ་འདི་ལྟར་རླུང་ཁའི་དར་ལྕོག་བཞིན་མི་ཚེ་ཟད་ཀྱིན་ཡོད།

ནངས་སྔ་མོ་སྐར་ཚོགས་ཀྱི་འོད་སྣང་ཐོད་དུ་བཏེགས་ཤིང་ལྕི་འདམ་དང་ནོར་གནག་གི་ལྷས་འདབས་ན་བཞོ་དབྱངས་སྙན་མོ་ཞིག་དལ་གྱིས་མགུར་ཞོར་ཉིན་གཅིག་གི་བྱ་བའི་ལས་ལ་བྲེལ་བཞིན་ཡོད། ཨ་མ་ཨ་མ། བུ་ཕྲུག་གི་ཆེད་དུ་ནམ་ཡང་ཞུམ་པ་མེད་པའི་བློ་སྟོབས་དང་བརྗོད་མཐའ་བྲལ་བའི་ཟོལ་མེད་ཀྱི་ལྷག་བསམ་རེ་རེ་ནི་ང་ཚོས་བསམ་བློ་གཅིག་མཐུན་གྱིས་གླེང་བར་འོས།

དགུང་ཁའི་སྤྲིན་དཀར་དང་འདྲེས་པའི་ལུག་ཁྱུ་དཀར་ནག་གི་ཚོམས་ཁྱོད་དང་གཏན་དུ་འབྲལ་ཐབས་མེད་པའི་དྭངས་གཙང་གི་འཚོ་བའི་མཛེས་སྡུག་གི་རྨི་ལམ་རིང་མོ་ཞིག།

འདི་ལྟར་མི་རྟག་པའི་འགྲུལ་བཞུད་ཀློང་ནས་ཁྱོད་རང་ལྗང་མདོག་གི་རྩྭ་ཐང་དང་བྲལ་འདོད་གཞི་ནས་མེད།

ས་སྲོད་ཀྱི་རྡུལ་རླུང་བར་ནས་ཁྱོད་ཀྱིས་ལྕི་བ་སྒྱེ་མོ་བཀང་ཕྲག་ཏུ་བཏེགས་ནས་ལ་ཁའི་ཉི་འོད་ཀྱི་ཟེགས་མ་རི་འགོ་ནས་ནུབ་རྗེས་ད་གཟོད་ནོར་གནག་ཡོད་ཚད་ལྷས་རར་བསྐོར་དུ་བཅུག།

ཀྱེ་ཀྱེ། ཡུམ་ཆེན་ལགས། ད་ནི་སྐུ་ངལ་ཞིག་གསོ་རོགས།

༼ འོད་གྲུ། ༽


  • ལེ་ཚན་སྔོན་མ།:ཤེས་རབ་རྒྱ་མཚོ་དང་སྦྲང་ནག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།