རྨི་ལམ་དང་གཞན་དག།

        2023-07-21

རྨི་ལམ་དང་པོ།

རིང་སྒང་དེར། སྤྱང་ཀི་ཚོས་མཉམ་དུ་གླུ་དབྱངས་ཤིག་བླངས་རྗེས། ང་ལ་ཐེངས་གཅིག་བལྟས། དེ་ནི་འཇིགས་སུ་རུང་བ་ཞིག་སྟེ“ངེད་ཅག་གིས་གླུ་བླངས་བ་ནི་མིའི་རིགས་ཀྱི་གླུ་ལས་ལྷག་ཏུ་སྙན་པ་ཡིན།„ ཞེས་ཟེར་དང་འདྲ་ནའང་། ངས་སེམས་གཏིང་ནས་ཁོ་ཚོའི་གླུ་ལ་ཉན་མ་ཐུབ་པས། གང་ཡང་བརྗོད་མ་ཐུབ། དེ་ལྟ་ནའང་། རི་སྒང་དེར། སྤྱང་ཀི་ཚོས་མེ་སྒོང་བརྒྱབ་ཅིང་བྲོ་ཡང་འཁྲབ། ལུག་ཤ་འགྱེད་ཅིང་ཁྲག་གི་མཆོད་ཀྱང་འཕེན། ནམ་ཞིག་ངས་ཀྱང་སྤྱང་ཚོགས་དང་ལྷན་དུ་ཤ་ཟ་བ་འགྱུར་རམ། ཟ་བར་འགྱུར་རམ། “རྨི་ལམ་དེས། ངའི་རས་པ་འཆར་བ་འགྱུར་སྙམ་པ་བྱུང་། དེ་བས་ང་རང་སད་རྗེས། གཅིག་དགུ་རྒྱ་བཞི་ཞེས་པའི་དཔེ་ཆ་ཁོ་ན་ཀློག་བཞིན། ཝིན་སི་ཊོན་གྱི་འཇིགས་སྣང་མྱོང་བ་ཡིན།”

སྐད་ཆ་དང་པོ།

དུས་ཚོད་ཀྱིས་ང་ཡི་གཞོན་ཤ་གཏུབ་ཀྱིན། ཆུ་བོའི་རྒྱུན་བཞིན་ཐག་རིང་དུ་བཞུར་འགྲོ་བར་བསམས་ན་ཁོག་ནས་གཟེར་བྲེང་ངེར་བུད་འགྲོ། སྡོད་ཐབས་མི་འདུག། རྨི་ལམ་མེད་ན་སྡོད་ཐབས་ཅུང་ཟད་ཀྱང་མི་འདུག། རྨི་ལམ། རྨི་ལམ། འཆི་ལྟས་མྱོང་དགོས་པའི་རྨི་ལམ།

རྨི་ལམ་གཉིས་པ།

ང་ཡི་རྐང་པ་གཉིས་ཆད་དེ་ལུས་འདུག་ཅིང་། གྲོགས་པོ་ཚོས། ངའི་རྐང་པ་གཉིས་ཆད་པར་རྟེན་འབྲེལ་ཞུས། ངས་དངན་པ་ཞིག་འཐེན་ཏེ། “སྤྱིར་ན་ངའི་ཁྱད་ཆོས་ནི། ང་ལ་རྐང་པ་གཉིས་ཡོད་པ་དེ་ཡིན། ཡིན་ན་ཡང་ད་ནི་འུ་ཚོ་ཚང་མ་འདྲ་མཉམ་ཡིན། ཧ་ཧ་ཧ། ངས། ངས་རང་གི་རྐང་པ་གཉིས་པོ་ཡོངས་སུ་བཅད་ཟིན་པ་མ་ཡིན་ནམ།” ཞེས་བཤད་པས་ཚང་མ་ཤིན་ཏུ་དགའ་བཞིན་འདུག སྐད་ཆ་མང་པོ་ཞིག་སྐབས་དེར་ང་ལ་དེ་དག་གིས་བཤད་ཀྱང་དེ་དག་ད་ལྟ་ངའི་ཡིད་ཡུལ་ན་མི་འདུག། ཡིན་ནའང་སྐད་ཆ་འདི་སེམས་སུ་ད་དུང་འདུག། ལས་བྱེད་པའི་མིང་ཡོད་ཅིང་། རྒྱུ་ཡང་ཆོག་ཙམ་གྱིས་ཕྱུག་པའི། ཀུན་ཀྱིས་ལྷ་ལ་བཀུར་བའི་སྡེ་དཔོན་ཨོ་རྒྱན་དབང་གྲགས་ལགས་ཀྱིས། “ཨ། ཨ། ངས། སྔོན་ཆད་ཁྱོད་རང་སྨྱོན་པ་ཞིག་རེད་བསམས་མྱོང་། ཇོ་བོ་རིན་པོ། ཡིན་ན་ཡང་ད་བལྟས་ན་དེ་ནི་ནོར་འཁྲུལ་ཞིག་ལས་མ་འདས། ཁྱོད་ལ་ངོ་མ་རིག་པ་རྣོན་པོ་ཞིག་འདུག། རྗེས་ནས་བྱ་བ་རེ་མཁོ་ན་ང་ཚོལ་ཤོག། ཧ་ཧ་ཧ། བཟང་གི། དེ་རིང་ནི་བཀྲ་ཤིས་པའི་ཉི་མ་ཞིག་རེད།” ཟེར། ཡིན་ན་ཡང་ང་ལ་དེ་ནས་བཟུང་མ་ཤི་བར་དུ། ཅི་ཡང་མི་འདུག། ཐ་ན་ཡི་གེ་གཅིག་གི་དངན་པའང་མི་འདུག།

སྐད་ཆ་གཉིས་པ།

ནང་གི་གློ་མཆིན་རུལ་བའི་གྲིབ་མ་དག་གིས་རང་ཉིད་གཙང་མ་བྱེད་ཆེད་སུ་ལའང་ཁ་བརྡ་མི་བྱེད། དེ་ལྟ་ནའང་། ཅུང་ཙམ་འཆི་ལ་ཉེ་བའི་གྲིབ་མ་དེས། ང་ལ་ཁ་བརྡ་ཞིག་བྱས་ནའང། དེ་ནི་སུས་ཀྱང་མི་གོ་བའི་ཁ་བརྡ་ཞིག་སྟེ། ཐ་ན། ང་རང་གིས་ཀྱང་གོ་མ་སོང་། ཀྱེ་མ་གྲིབ་མའི་འཇིག་རྟེན་ནི་ཅི་འདྲའི་མུན་ནག་ཅིག་རེད་ཨང་།

རྨི་ལམ་གསུམ་པ།

མི་ནི་ཕལ་ཆེར་ལྐུགས་པར་གྱུར་འདུག། ཕར་ལ་སྐད་ཆ་བཤད་ན། ཚུར་ལ་ལན་གང་ཡང་མེད་པར་ང་ལ་ལྟ་ཙམ་རེ་བྱེད་དོ།། མ་མཐའ་ཡང་ངའི་ཉེ་འཁོར་གྱི་མི་ཕལ་ཆེར་དེ་ལྟར་ལྐུགས་འདུག། ངས་སུ་ལའང་གོ་བརྡ་མ་འཕྲོད་པས་སེམས་སྐྱོ་སྟེ་ལུང་སྟོང་ཞིག་དུ་སོང་བ་ཡིན། ལུང་སྟོང་དེ་རུ་ང་མ་གཏོགས་མི་གཅིག་ཀྱང་མེད། ཡོད་པ་ནི་བྱ་དང་བྱེའུ། སྤྱང་ཀི ཝ་སོགས་འཇིག་རྟེན་རྙིང་པའི་སྲོག་ཆགས་དག་གོ། ངས་ཕྱིར་དྲན་ཞིག་བྱས་ན། ངས། “མི་དེ་དག་ལ་ཁྱོད་ལ་ཡི་གེ་ཡོད་ནི་རེད།” ཟེར་བ་ཙམ་ལས་བཤད་མྱོང་མི་འདུག། ཡིན་ན་ཡང་དེ་དག་གི་ལན་བཏབ་མ་བྱུང་ངོ་།།

སྐད་ཆ་གསུམ་པ།

ང་ལ་དམིགས་བསལ་གྱི་ལག་པ་ཞིག་ཡོད། རི་ཆུ་སྟོང་གི་ཕ་མཐའ་ལ་རེག་ཐུབ་ཅིང་ཉི་འོད་ལ་ཚོན་རྩི་འགོས་བྱེད་ཀྱི་ལག་པ་དེ། ངའི་ནང་སེམས་སུ་སྐྱེས་ཤིང་ནང་སེམས་སུ་རྒས་པར་གྱུར། སྲང་མདོར་གྲིབ་མ་དྲུད་ཀྱིན་འགྲོ་བཞིན་པའི་ན་གཞོན་ཚོས་ལག་པ་དེའི་མིང་ལ་ཁྱི་ལག་ཅེས་བརྗོད་ནའང་། ཟོག་ལུག་གི་རྐང་རྗེས་འཚོལ་བའི་འབྲོག་པ་ཚོས་ལག་པ་དེའི་མིང་ལ་གད་སྙིགས་ཞེས་འབོད་ནའང་། སུས་ལའང་ཐོབ་མྱོང་བའི་ལག་པ་དེ། ང་ལ་མཚོན་ན་རང་ཉིད་ཡིན་ཞིང་རང་ཉིད་ཀྱང་ལག་པ་དེ་ཡིན། ལག་པ། ལག་པ། རི་ཚོགས་ཀྱི་གཉེར་མ་ལས་ལོ་རྒྱུས་ལེན་ཞིང་། རྒྱ་མཚོ་ཡི་རྦ་རླབས་ལས་ཆུང་མ་རྐུ་བའི་ལག་པ། ཁྱོད་ཀྱིས་རང་ཉིད་ལ་མིང་གསར་བ་ཞིག་འདོགས་རོགས།

མཇུག་གི་སྐད་ཆ།

ངས་སྒྲུང་རྩོམ་འདི་འགོ་བརྩམས་པ་ནས་བཟུང་རང་ཉིད་ལ་ཁེར་རྐྱང་བསྐྲུན་ཟིན། ཁེར་རྐྱང་དེ། ཁྱོད་རང་ཤིན་ཏུ་སྐྱོ་པའི་སྐབས་ཀྱི་སེམས་ཁམས་བཞིན། སྐྱ་བོར་གྱུར་བའི་ཁ་དོག་ཅིག་དང་གཉིས་སུ་མི་འདུག། ཁྱོད་རང་འཇིག་རྟེན་དེ་ལས་ཕྱི་རོལ་ཏུ་འགྲོ་འདོད་ན། ང་ལ་བཤད་རོགས། ངས་འཇིག་རྟེན་དེའི་ཕ་རོལ་ཏུ་འགྲོ་བའི་རྐང་ལམ་ཕྲ་མོ་ཕྲ་མོ་ཞིག་གང་ན་ཡོད་ཤེས་ཡོད། དེས་དབང་གིས། ང་རང་ནམ་ཡང་ཁེར་རྐྱང་ཡིན་ཞེས་བཤད་ཀྱང་རུང་ངོ་།།

༼ ཐོར་བུ། ༽


  • ལེ་ཚན་སྔོན་མ།:འབྲོག་མཚེར་གྱི་དུ་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།