ཁེར་རྐྱང་གི་མཚན་མོ།

ཁྲག་གདོང་།        2023-07-17

ཚོར་བའི་གྲུ་ཁ་ནས་ཡུན་རིང་གི་ལོ་ཟླ་ལ་རང་ཉིད་ཅེས་པའི་ཐ་སྙད་དང་འགྲོག་ཅིང་ཁེར་རྐྱང་ཞེས་པའི་མིང་ཡིག་ཅིག་ང་ལ་དབང་། ལས་ཀྱི་རྨི་ལམ་ནི་སྙིང་པོ་ཚོགས་པའི་འཚོ་བ་ཞིག་གམ་ལས་དབང་གིས་སྟེར་བའི་ནམ་ཚོད་ཅིག་ཏུ་བསམ། འགྲེལ་བ་མ་ཕོག་པའི་ཉིན་ཞག་ག་ཚད་ལ་རང་ཉིད་ཀྱིས་རང་ཉིད་ཀྱང་རྟོགས་ཐབས་མ་བྱུང་། དེ་ནི་ནམ་ཞིག་གི་དུས་སུ་ཁེར་རྐྱང་ཞེས་པའི་མིང་ཡིག་འདི་རང་ཉིད་ཀྱིས་འགྲེལ་དགོས་པས་ཡིན་ནམ་སྙམ། གང་ལྟར་སྣང་ཚུལ་མི་གཅིག་པའི་ལོ་ཟླ་ནང་གི་འཚོ་བ་མི་འདྲ་བ་བརྒྱ་ཕྲག་བརྒལ་ནས་མཚན་མོ་རེ་རེའི་དུས་ཚོད་ལ་དགའ་ལ་སྤྲོ་བའི་ཚོར་བ་དང་སྐྱོ་ལ་གདུང་བའི་རྨི་ལམ་ཅིས་ཀྱང་རྨིས་དགོས་པས་ཨེ་ཡིན། དོན་དུ་འབྱམས་ཀླས་པའི་འཁོར་བ་འདི་ལ་མཐའ་བྲལ་བའི་མནོ་བསམ་ཞིག་ཀུན་ལ་བདོག་པ་མཚུངས་ཀྱང་མནོ་བསམ་དང་དམིགས་པ་ཐ་དད་པ་ཁོ་ནའོ།།ནམ་ཟླའི་བཞུད་འགྲོས་ལས་རང་ཉིད་ནི་རང་ཉིད་ལ་དབང་ཞིང་རང་ཉིད་ཀྱི་སླད་དུ་སྐྱེ་རྒ་ན་འཆིའི་སྲིད་པ་འདི་དལ་གྱིས་འཛད་དགོས་པ་ནི་ཁེར་རྐྱང་གི་མཚན་མོའི་དུས་སླར་ཡང་རང་ཉིད་ཀྱིས་ཚོར་ནས་གཏན་དུ་བརྗེད་དཀའ་བ་ཞིག་ཀྱང་ཡིན། སྙིང་ཉེ་བའི་དུས་ཚོད་དེ་དག་གློ་དཀར་བའི་མི་ཞིག་དང་འདྲ་བ་ཚེ་ཡི་རིམ་པ་མྱུར་དུ་ཟད་ནས་མ་འོངས་པ་ཞེས་པའི་ཐ་སྙད་སྙན་པོ་རེ་བདག་གི་འཁྲིས་སུ་རིམ་གྱིས་ཁྲིད་དེ་དལ་གྱིས་ཤོར་འགྲོ་བ་ཞིག་ཡིན། དེ་དང་དེ་ནི་འགྲེལ་མ་ཕོག་པའི་ཁེར་རྐྱང་གི་མཚན་མོའི་དུས་སུ་རང་ཉིད་གཅིག་པུས་ཤེས་རྟོགས་ཟུང་གི་ཚོར་སྣང་དུ་ཆགས།

  • ལེ་ཚན་སྔོན་མ།:ཁྱོད་ཟེར་བའི་སྙིང་ཉེ་ཞིག་ཡོད་ན་བསམ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།