དུས་ཆེན་བསུ་བའི་རྔ་སྒྲ།

ལྷ་ལུང་ཀརྨ་ཤེས་རབ།        2023-06-02

---དྲུག་གཅིག་བྱིས་པའི་དུས་ཆེན་ལ་ཕུལ།

ས་གཞིའི་ཁྱོན་ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས་ཤིང་མེ་ཏོག་དང་མཚུངས་པའི་བྱིས་པ་ཚོའི་དུས་ཆེན་ཤར་བྱུང་། གྲོགས་པོ་ཆུང་ཆུང་ཚོ་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ།།

སྐྱེ་སྟོབས་ཀྱི་མྱུ་གུ་འབུས་བཞིན་པའི་བྱིས་པ་ཚོ། ཁྱེད་ཅག་ནི་རེ་བས་ཁེངས་པའི་མྱུ་གུ་སྔོན་པོ་ཞིག་ཡིན་པས། སྦྲང་ཆར་སིལ་མ་ཞིག་དང་དྲོད་འཇམ་གྱི་ཉི་འོད་ཞིག། ས་རྒྱུ་འཛོམས་པའི་ལྡུམ་ར་ཞིག་གི་མཁའ་དབུགས་ཁྲོད། ནང་སྙིང་གི་མྱུ་གུ་བུས་ཤིང་ཕྱི་མཛེས་ཀྱི་སྐྱེ་སྟོབས་འབར་བར་ཤོག། མེ་ཏོག་ལྡུམ་ར་ཆེན་པོའི་མཛེས་རྒྱན་དུ་གྱུར་པར་ཤོག།

བློ་རིག་གི་གཤོག་ཟུང་རྒྱས་བཞིན་པའི་བྱིས་པ་ཚོ། ཁྱེད་ཅག་ནི་ཕུགས་བསམ་གྱིས་ཕྱུག་པའི་རྒྱུན་འཛིན་པ་ཞིག་ཡིན་པས། དགེ་རྒན་བཟང་པོའི་སློབ་གསོ་ཞིག་དང་ཕ་མ་བཟང་པོའི་བྱམས་སྐྱོང་འོག། སྐྱོན་བྲལ་སློབ་ར་ཞིག་གི་མཁའ་དབུགས་ཁྲོད། ནང་སེམས་ཀྱི་བློ་རིག་འཕེལ་ཞིང་ཕྱི་སྟོབས་ཀྱི་ལང་ཚོ་རྒྱས་ནས་གངས་ལྗོངས་ཁྱིམ་ཚང་ཆེན་མོའི་མཛེས་རྒྱན་དུ་གྱུར་པར་ཤོག།

ཁྱེད་ཅག་ནི་མི་རིགས་ཀྱི་རེ་བ་ཞིག་དང་མེས་རྒྱལ་གྱི་མཛེས་སྡུག་ཅིག། མ་འོངས་པའི་རྒྱུན་འཛིན་ཞིག་ཡིན་པས། ཁྱེད་ཅག་ལ་བདེ་ཐང་གི་གཟུགས་གཞི་ཞིག་དང་། གུ་ཡངས་ཀྱི་སྤྲོ་སྣང་ཞིག། རྒྱང་རིང་གི་ཕུགས་བསམ་ཞིག། ཉམས་མེད་ཀྱི་བརྩོན་འགྲུས་ཤིག་དེ་བས་ཡོད་དགོས།

གཞན་གྱི་སྐུལ་མས་དབེན་ཡང་རུང་། རང་གི་ཚོར་བས་རྐྱེན་ཡང་རུང་། འགལ་རྐྱེན་གང་ཞིག་གི་འོག། བྱིས་དུས་ཀྱི་རྨི་ལམ་མཚར་པོ་འཇའ་ལྟར་ཡལ་ཟིན་པའི་ཁོ་བོས་དྲན་སྐུལ་གྱི་ཚུལ་དུ་བཏང་བའི་འབོད་བརྡ་དང་། རྟེན་འབྲེལ་གྱི་དོད་དུ་ཕུལ་བའི་ཤིས་ཚིག་འདིས། དེ་རིང་གྲོགས་པོ་ཆུང་ཆུང་ཚོ་དེ་བས་སྤྲོ་ཞིང་། ཁྱེད་ཅག་ལུས་བདེ་སེམས་སྐྱིད་ངང་འཚར་ལོངས་ཡོང་བའི་སྨོན་ལམ་སྒྲོན། ཡང་སྒོས་བློ་རིག་དང་བརྩོན་འགྲུས་ཀྱི་ཚོན་སྣ་ཐགས་སུ་བཏགས་པའི་ཕུགས་བསམ་གྱི་འཇའ་གུར་མཚར་པོ་འདི། ཁྱེད་ཅག་གི་ལང་ཚོའི་མཁའ་དབྱིངས་སུ་ཤར་བར་སྨོན།


  • ལེ་ཚན་སྔོན་མ།:ཕ་ཡུལ་གྱི་རྩྭ་ཐང་དང་དུས་བཞི།
  • ལེ་ཚན་རྗེས་མ།:ང་རང་ཡིད་དགའ་བའི་བྱིས་དུས་ལ་ཕྱིར་ལྡོག་ཆོག་པར་ཞུ།