ལུགས་མཐུན་གྱི་མི་ཚེའི་ལྟ་བ།

​ཚེ་རིང་འབྱོར་རྒྱས་ཀྱིས་བསྒྱུར།        2023-05-24

མི་སུའང་སྐྱོན་ཀུན་བྲལ་ཡོན་ཏན་ཀུན་འཛོམས་ཀྱི་འཕགས་མཆོག་ལྟར་དུ། གཞན་དོན་ཁོ་ན་སེམས་མཁན་ཞིག་ཡིན་པའི་རེ་བ་འཆང་དུ་མེད་པའི་གནས་ལུགས་རྟོགས་ན། རང་གཞན་ཀུན་ཕན་པར་འདོད་དོ། །

ང་ཚོས་གནས་ལུགས་དེ་རྟོགས་རྗེས། ད་གཟོད་འཇིག་རྟེན་འདིའི་བྱ་དངོས་གང་མང་ཞིག་ལ་བསམ་ཤེས་དང་། གུ་ཡངས་བྱ་ཐུབ།

གལ་སྲིད་ཁྱོད་རང་མི་ཡུལ་གྱི་གདུག་རྩུབ་ལ་ཡི་ཐང་ཆད་ན། རང་ཉིད་ནས་བཟུང་སྟེ་མི་ཡུལ་འདི་ལ་བྱམས་བརྩེ་དང་རེ་བ་ཡི་འོད་སྣང་སྦྱིན་ཏེ། མི་ཡུལ་འདི་གདུག་རྩུབ་ཀྱི་མུན་ནག་ལས་ཐར་ཐབས་ལ་འབད་རོགས།

ནམ་ཞིག་གི་ཚེ། འཇིག་རྟེན་འདི་འཁང་ར་དང་ལེ་བདའ་མེད་པར། ཀུན་གྱི་སེམས་རྩ་བྱམས་དང་བརྩེ་བས་ཕྱུག་ན། མི་ཡུལ་འདིའང་ཅི་འདྲའི་མཚར་སྡུག་ལྡན་པ་ཞིག་ཏུ་འགྱུར་ཐུབ་ཨང་།

ང་ཚོས་མི་སུ་ལའང་གཡོ་ཟོལ་ཏོག་ཙམ་མེད་པའི་རེ་བ་བྱེད་མི་རུང་ཞིང་། ང་ཚོས་མི་རྣམས་ཀྱི་གཡོ་ཟོལ་ཆུང་ངུ་དག་ལ་གུ་ཡངས་དང་བཟོད་སྒོམ་བྱ་ཐུབ་དགོས། ང་ཚོའི་རེ་བ་ཡང་གནད་འགག་གི་སྐབས་སུ་ཚང་མ་ལྷག་བསམ་ཅན་གྱི་མི་ཞིག་པ་ཡིན་དེ་ཙམ་མོ། །

ང་ཚོས་འགྲོ་བ་མིའི་རིགས་ལ་ཡི་ཐང་ཆད་དགོས་དོན་མེད་དེ། ང་ཚོའི་རྒྱུད་ཀྱི་གཤིས་ཀ་ཡོད་ཚད་ནི་ལྷན་སྐྱེས་ཤིག་ཡིན་པ་འདྲ་ཞིང་། ང་ཚོའི་གཤིས་ཀ་འདི་དག་ལ་བཟང་ཆ་ཡོད་ལ་ཞན་ཆའང་ཡོད། ང་ཚོའི་གཤིས་ཀ་འདི་དག་ནི་མཚམས་རེར་སྙིང་དུ་སྡུག་ཅིང་སྐབས་རེར་ཡི་ཐང་ཆད་སྲིད། གང་ལྟར་ཀྱང་ང་ཚོས་དེ་དག་དང་ལེན་དང་བསམ་ཤེས་ཐུབ་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ། དེ་དག་ལ་བསམ་ཤེས་ཐུབ་ཚེ། ད་གཟོད་ཀུན་ལ་བྱམས་ཤིང་གུ་ཡངས་ལྡན་པའི་མི་ཞིག་ཏུ་འགྱུར་ཐུབ་པའི་ཕྱིར་རོ། །



  • ལེ་ཚན་སྔོན་མ།:རང་ཉིད་མ་གྲོལ་གཞན་ལ་གདམས་པ་མེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།