དཔྱིད་ཀ་དང་རླུང་བུ།

ཧུན • དུར་རོ།        2023-04-24

དཔྱིད་རླུང་འཇམ་བུ་ཞིག་ལྡང་བྱུང་། ངའི་དཔྲལ་བར་ལང་ལོང་དུ་བཏགས་པའི་སྐྲ་ཡི་འདབ་མ་དེ་དག་འགུལ་ཙམ་གཡོ་ཙམ་བྱས་བྱུང་། སྐད་ཅིག་མ་ཙམ་ལ་ཡང་སྡོད་མི་ཚུགས་པའི་རྣམ་ཤེས་ཞེས་པའི་ཕྱེ་ལེབ་དེ་ཉིད་འཕུར་རྩལ་གྱིས་གར་ལ་ཆས་ཏེ། དཔྱིད་ཀའི་ནེའུ་གསིང་གསར་བའི་སྒེག་དཔལ་ཆེས་ཆེར་མངོན་པའི་ཞིང་ལ་ཡང་ཡང་འཕུར་བར་བརྩམས།

དཔྱིད་ཀ་ཚེས་ན། ངའི་དྲན་པའི་སྒྲོམ་ནང་དུ་ཡང་ཡང་ཉལ་མྱོང་བའི་ས་བོན་སྣ་ཚོགས། གསར་དུ་བཞད་པའི་དཔྱིད་ཀྱི་ཞིང་ས་སྣུམ་པོ་རེ་རེའི་སྟེང་། དྲན་པས་གང་ཟིན་དང་ལག་པས་གང་སྙོབ་ཀྱིས་ཀློད་ན་འདོད།

དཔྱིད་ཀ་ཚེས་ན། ཁམ་སྡོང་རེ་རེའི་སྟེང་ལ་གསར་དུ་འཛུམ་པའི་ཁམ་བུའི་མེ་ཏོག་གི་དྲ་བ་དྲ་ཕྱེད་དག་ཕྲེང་ལྟར་དཔྱངས་འདུག། ཁམ་བུའི་མེ་ཏོག་དག་ནི་དཔྱིད་ཀ་བསུ་བའི་འཛུམ་མདངས་རེ་རེ་དང་འདྲ་བར། དཔྱིད་ཀ་ཞེས་པ་ན། ཡིད་ལ་ཡང་ཡང་འཁོར་ནས་ཡོང་བར་མ་ཟད། དཔྱིད་ཀ་ཞེས་པའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན་པར་སྣང་།

དཔྱིད་ཀ་ཚེས་ན། དྭངས་གཙང་དང་དཀར་གཙང་གི་འཇིག་རྟེན་ཡང་ཤར་འོང་། དཔྱིད་ཀའི་དྭངས་གཙང་ཞེས་པ་ནི། མཁའ་དབུགས་གསར་པ་དང་ལྗང་མྱུག་གསར་པ། དྲི་ཞིམ་གསར་པའི་འོད་མདངས་ཀྱིས་ཡོངས་སུ་ཁེབས་འདུག། དེ་དག་ལ་དཔྱིད་ཀའི་དྭངས་གཙང་ཞེས་འབོད། དཔྱིད་ཀའི་དཀར་གཙང་ཞེས་པ་ནི། མི་རེ་རེའི་སེམས་སུ་སྔ་ན་མེད་པའི་རེ་བའི་མྱུ་གུ་གསར་པའི་ཁ་དོག་གིས་ཀུན་ནས་མཛེས། འོད་ལམ་ལམ་འཚེར་བའི་ཆར་ཕྲན་དག་ཟམ་ཟིམ་དུ་འཇོ་བར་བརྩམས། དེ་དག་ལ་དཔྱིད་ཀའི་དཀར་གཙང་ཞེས་འབོད།

དཔྱིད་ཀ་ཚེས་ན། ས་བརླན་གྱི་དྲི་མ་དང་གསར་དུ་བཞད་པའི་རྩྭ་ལྗང་གི་དྲི་ཞིམ། དུས་ཚིགས་གཞན་ནས་མྱོང་མི་ཐུབ་པའི་བསུང་ཞིམ་སྣ་ཚོགས་ཤིག། སྣ་ལམ་དུ་ཡང་ཡང་འཐུལ་ལ་ཡང་ཡང་མཆེད་འོང་། དཔྱིད་ཀ་ནི་གུར་ཀུམ་དང་ཙནྡན་གྱི་ཉིང་ཁུ་བསྐོལ་བའི་དྲི་ཞིམ་བུམ་པ་གང་ཕྱོགས་སུ་ཆག་ཆག་བཏབ་པ་དང་འདྲ་བར། རྩྭ་ཐང་དང་སྤང་རི། ནགས་ཚལ་དང་རྩི་ཤིང་ཀུན་དྲི་ཞིམ་གྱིས་བར་མེད་དུ་ཁྱབ།

དཔྱིད་ཀ་ཚེས་ན། བསིལ་རླུང་འཇམ་བུ་ཞིག་ལྡང་བྱུང་། རི་དང་རི་ཕྲན་མང་པོའི་གདོང་གི་ན་བུན་ཐར་ཐོར་དང་། སྨུག་པ་ལང་ལོང་གཡོ། ཐར་ཐོར་ངང་ལྡང་ལ། ལང་ལོང་ངང་གཡོ། ད་ལྟ་ན་བུན་དང་སྨུག་པ་མཁའ་ལ་ཆས་བཞིན་འདུག། སེམས་ཀྱི་ན་ཟུག་དང་སྡུག་བསྔལ་ཡོད་ཚད་ཀྱང་དཔྱིད་རླུང་འཇམ་བུ་དེ་དང་འགྲོགས་ནས་མཁའ་ནས་ཆས་བཞིན་འདུག། ངའི་གདོང་གི་སྐྲ་ལོ་མཐའ་དག་ཀྱང་ད་ལྟ་དཔྱིད་རླུང་གིས་གཡོ་མཚམས་གཞི་ནས་བཞག་ཟིན་པ་འདྲ།


  • ལེ་ཚན་སྔོན་མ།:འབྲོག་ཁྱི་ཨོབ་ཐར་དྲན་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།