སེམས་ཀྱི་ཆུང་མ་ལ་བྲིས་པའི་དྲན་གདུང་ ཟུང་གི་གཟུགས་རིས།

དྲང་མདའ།        2023-04-06

       2021ལོའི་དཔྱིད་ཁ་ཞིག་ལ་ང་ཕ་ཡུལ་ན་ཡོད། དུས་སྐབས་དེར་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་མི་ཁྲི་སྟོང་མང་པོ་ཤི་བཞིན་འདུག། དེས་ན་ཚང་མས་མཉམ་དུ་ནད་ལ་སྔོན་འགོག་བྱས་དང་བྱེད་བཞིན་འདུག། ངས་ཀྱང་ཕ་ཡུལ་དུག་འགོག་ཅེས་པའི་འཕྲིན་ཕྲན་གྱི་ཚོམས་ཤིག་བཙུགས་ནས་མཁས་དབང་དང་། སྨན་པ། རང་འདུན་པ་སོགས་མང་དག་ཅིག་གདན་ཞུ་བྱས་ནས་ནད་དུག་འགོག་པ་ལ་ཐབས་ཤེས་གང་ཡོད་ཀྱིས་ཕན་རེ་ཨེ་ཐོགས་སྙམ་པ་ཡིན། དགོང་མོ་ཞིག་ལ་ཚོམས་དེར་བུ་མོ་ཞིག་ཐོན་འདུག། ཕར་བལྟས་ན་འབྲོག་ཁྱིམ་རང་ག་བ་ཞིག་ནས་ཨེ་མིན་སྙམ་པ་དང་།ཞི་དུལ་སེམས་བཟང་ཞིག་ཀྱང་ཡིན་སྙམ་པའི་ཚོར་སྣང་ཞིག་ཡོད་སོང་། དེ་ནས་གྲོགས་པོ་ཞིག་ལ་དྲིས་ནས་བུ་མོ་སུ་རེད་ཅེས་བཤད་པ་ན། གྲོགས་པོས་བུ་མོ་དེའི་དངོས་མིང་བཟུང་ནས་དེ་རེད་ཅེས་ང་ལ་བཤད་སོང་། ངའི་སེམས་སུ་སྔར་ནས་ངོ་ཤེས་ཤིང་ཚེ་རབས་དུ་མར་མཉམ་དུ་འགྲོགས་མྱོང་བའི་ཆེས་བཟང་པའི་ཆུང་མའམ་གྲོགས་པོ་ཞིག་ཡིན་པའི་སྣང་བ་འཁོར་བྱུང་། དེ་ནས་ངས་མོ་ལ་སྒེར་འབྲེལ་བྱས་པ་ཡིན། མོས་དེ་མ་ཐག་དང་ལེན་མི་བྱེད་པར་ཁྱོད་སུ་ཡིན་ཞེས་བྲིས་ནས་བསྐུར་འདུག། ངའི་སེམས་སུ་ཅི་འདྲའི་བུ་མོ་རང་ཚུགས་ཅན་ཞིག་དང་། ཡིད་ལ་འོང་བ་ཞིག་འདུག་སྙམ་ནས་ཅི་ཡང་མ་བཤད་པར་སླར་ཡང་སྐད་འཕྲིན་ནས་འབྲེལ་བ་ཞིག་བྱས་པ་ཡིན། དེ་ནས་མོས་དང་ལེན་བྱས་ཤིང་ངེད་གཉིས་ཀྱིས་ཕན་ཚུན་ལ་པར་དང་། སྐད་ཆ་མང་ཙམ་ཞིག་བཤད་པ་ཡིན། དུས་དེ་ནས་བཟུང་ངེད་གཉིས་བརྩེ་བའི་བརྙན་འཕྲིན་ཞིག་ལ་བལྟ་བའི་དབུ་བཟུང་བ་ཡིན་ཞིང་། དུང་པའི་སྒྲུང་གཏམ་གྱི་དེབ་ཅིག་གི་ཁ་ཕྱེས་པའང་ཡིན། དེ་ནས་ཉི་འགར་ངེད་གཉིས་ཀྱི་སྐད་ཆ་ཇེ་མང་དང་། ཕན་ཚུན་ལ་རྒྱུས་མངའ་ཆེ་རུ་སོང་། རིམ་བཞིན་ཉིན་ནས་ཟླ་སོང་། ཟླ་ནས་ལོ་སོང་བས་ལོ་གཉིས་ཙམ་ཞིག་འགོར་སོང་། ངེད་གཉིས་ཕན་ཚུན་གྲོགས་པོ་ཡིན་ཚུལ་དང་། འདང་བརྩེ་ཆེ་ཚུལ་ལས། ཕོ་མོའི་བར་གྱི་སྐད་ཆ་དང་། ལུས་འབྲེལ་དང་ཉེ་བའི་གཏམ་ཞིག་མ་སྨྲས་ཤིང་མ་གླེང་བ་ཡིན། ཉིན་ཞིག་ངས་མོ་ལ་ཐད་ཀར་གཟུགས་ལམ་ནས་ངེད་གཉིས་ཕན་ཚུན་ལ་འདང་ཆེ་ཚུལ་དང་།དགའ་ཞེན་ཡོད་ཅེས་བཤད་པ་ཡིན།མོས་ཀྱང་ང་ལ་འུ་གཉིས་གཞན་དང་མི་འདྲ་བའི་འདང་ཡོད་ཚུལ་ཡང་ལབ།དེ་ནས་རིམ་གྱིས་ངེད་གཉིས་ཀྱི་གྲོགས་པོའི་འབྲེལ་བ་དེ་ཕོ་མོའི་བར་གྱི་འབྲེལ་བ་ཞིག་ཏུ་ཆགས་སོང་།ང་དངོས་གནས་མོ་ལ་དགའ་སོང་། མོ་ཡང་ང་ལ་དགའ་བཞིན་འདུག། རིམ་གྱིས་ང་ནི་མོའི་སེམས་ཀྱི་ཁྱོ་ག་དང་།མོའང་ངའི་སེམས་ཀྱི་ཆུང་མ་རུ་གྱུར་སོང་། ཡིན་ཡང་ངེད་གཉིས་ཀྱི་དམིགས་ཡུལ་དང་།ལམ་བུ་ཁ་ཁར་ཡིན་པས་མཉམ་དུ་འཕྲད་པའི་གོ་སྐབས་ཤིག་མེད་ལ། ལས་དབང་ཡང་གཏན་ནས་མི་འདུག།

  • ལེ་ཚན་སྔོན་མ།:དཀར་སངས་སངས་ཀྱི་ཁ་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།