དཀར་སངས་སངས་ཀྱི་ཁ་བ།

གངས་ཐིགས།        2023-03-24

ནངས་མོ་དེར། ང་རང་སྔ་མོར་མལ་ལས་སད་ནས་སྒེའུ་འགྲམ་ནས་མགོ་བོ་ཡར་ལ་བཀྱགས་ནས་ཕྱི་རོལ་ལ་ཐེངས་ཤིག་ལྟ་དུས། ཕྱི་རོལ་ཏུ་ཁ་བ་འབབ་ཀྱིན་འདུག། དེ་མ་ཐག་ང་རང་ཡར་མལ་ལས་ལངས་ཏེ་ཕྱི་རོལ་ལ་སོང་ནས་བསིལ་ཞིང་དྭངས་པའི་མཁའ་དབུགས་ཤིག་ལ་རྔུབ་རོལ་ཐེངས་ཤིག་བྱས་པ་ཡིན། དཀར་སངས་སངས་ཀྱི་ཁ་བ་དཀར་པོ་ཞིག་ས་གཞིའི་ལྟེབ་ཁུགས་ལ་ལྷུང་ཞིང་། བརྗིད་ཉམས་ཀྱིས་བཏེགས་པའི་རི་ཚོགས་རྣམས་ལ་དངུལ་དཀར་གྱི་ལྭ་བ་བསྐོན་པ་དང་འདྲ་བར་ཁ་བས་གཡོགས་ཏེ་དཀར་ལམ་མེར་ཡོད། མཛེས་སྡུག་གི་ཁོར་ཡུག་ཏུ་སྤྲོ་སྣང་གི་སེམས་ཚོར་ཞིག་བསྐྱལ་ནས་ལྷོད་ཀྱིས་འབབ་ཀྱིན་འདུག།

ཁ་བ་འབབ་རྟགས་འདིས་དུས་ཚིགས་ཤིག་ལ་གྱེས་ཕྱག་བཞག་ཀྱང་། ཡང་དུས་ཚིགས་གཞན་ཞིག་གི་མགོ་སྤྲོ་ཉམས་ཀྱིས་བསུ་ཀྱིན་པའི་སྟ་གོན་བྱེད་བཞིན་པ་འདྲ། ཁ་བ་འབབ་སྟངས་རེ་རེ་ཡིད་དུ་འོང་ཞིང་མི་ཡུལ་ལ་མཛེས་སྡུག་གཞན་ཞིག་གི་ཁ་དོག་བསྐྲུན་ཡོད། ཁ་བ་འབབ་སྟངས་རེ་རེ་ལྷོད་ཀྱིས་བབས་ཤིང་། གདུག་རྩུབ་དང་ཁེངས་དྲེགས་ཀྱི་ཉམས་སྣང་མེད་པར་འཇམ་ཞིང་ལྷོད་ཀྱིས་མི་ཡུལ་ལ་བྱམས་སེམས་ཀྱི་བརྩེ་བ་བསྣུན། དཀར་ཞིང་གཙང་བའི་མི་ཡུལ་ལ་ལྷག་བསམ་གྱིས་འདུན་མ་བསྩལ། ཁ་དོག་དཀར་པོའི་ནག་ནོག་གི་དྲི་མས་མ་བསླད་པར་དྭངས་གཙང་གི་བརྩེ་བ་ཞིག་མནབས་ནས་བབས། གཡོ་སྒྱུ་དང་ཁེངས་དྲེགས་འདོད་ཧམ་གྱིས་ཁེངས་པའི་འཇིག་རྟེན་འདི་ཁ་བ་ལྟར་འཇམ་ཞིང་དཀར་ལ་ཕྱི་གསལ་ནང་གསལ་ཞིག་ཡིན་ན་ནི་ཇི་འདྲའི་མཛེས་ཤིང་སྡུག་ལ་ཇི་འདྲའི་ཡིད་དུ་འོང་བ་ཞིག་ཡིན་ཨང་།

ང་རང་ཆུང་དུས་ནས་ཁ་བར་ཧ་ཅང་དགའ་ལ། ཁ་བ་བབས་པའི་ཉིན་མོ་དེ་ནི་ངའི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་ལ་གཙང་སེལ་ཐེངས་གཅིག་བྱས་སོང་བ་འདྲ་བའི་སེམས་ཚོར་རྣོན་པོ་ཞིག་འདུག། ད་ལྟའི་མི་རྣམས་ཕལ་མོ་ཆེ་ཁ་བར་མི་དགའ་ལ་ཁ་བ་བབས་པའི་ཉིན་མོ་དེ་ནི་ཁོ་ཚོས་ནང་སེམས་སུ་སྐྱོ་བའི་ཡིད་མུག་ཅིག་སྐྱེ་རུ་བཅུག་པ་དང་འདྲའོ། ། དེ་ནི་དོན་གྱིས་མི་རེ་རེའི་དགའ་ཕྱོགས་མ་འདྲ་བས་ཡིན་ཡང་སྲིད། འོན་ཀྱང་། དཀར་ཞིང་གཙང་བའི་ཁ་བའི་འདབ་མ་ནམ་མཁའི་མཐོངས་ཡངས་ནས་ལྷབ་ལྷུབ་ཏུ་བབས་པའི་ཚེ་ན། བདག་གི་ནང་སེམས་སུ་བག་ཕེབས་ཉམས་བདེའི་ཚོར་བ་ཞིག་སྐྱེས་ཡོང་། དེ་ནི་ང་རང་ཧ་ཅང་ཁ་བར་དགའ་བའི་སེམས་ཚོར་ཞིག་ཡིན་སྲིད་ཀྱི། འུ་ཅག་ལའང་ཁ་བ་ལྟར་དཀར་པོའི་རང་རྒྱུད་དཀར་གཙང་ཞིག་ཡོད་ན་ནི་ཅི་མ་རུང་འདོད།

ཁ་བ་བབས་པའི་ནངས་མོ་དེར། ང་ཚོ་སྡེ་བའི་ཡུལ་མི་དག་ལ་མཚོན་ན་ཡང་འཇམ་མོག་གེར་འདུག། བྱ་བྱེའུ་འགས་འཕུར་ལྡིང་བྱེད་པ་ཙམ་ལས། རྒྱུ་འགྲུལ་བྱེད་མཁན་གྱི་སྐྱེ་བོ་ནི་སུ་གཅིག་ཀྱང་མི་སྣང་། དེར་བལྟས་ནའང་། ཁོ་ཚོ་ཁ་བ་བབས་པར་དེ་ཙམ་སྤྲོ་སྣང་མི་འདུག་པ་ཚོར་ཡོང་། རྒྱུ་མཚན། ཁོ་ཚོས་དཀར་ཞིང་གཙང་བའི་ཁ་བའི་རང་མདོག་ལ་ཡིད་ཆེས་དེ་ཙམ་བྱེད་ཀྱིན་མེད་པ་ཚོར། དྭངས་གཙང་གི་ཁ་བས་འཇིག་རྟེན་གྱི་སྐྱེ་འགྲོ་ཡོངས་ལ་གསོན་ཤུགས་སྩོལ་གྱིན་པ་དེའང་ཚོར་གྱིན་མེད་པ་འདྲ། དོན་གྱིས་ཁ་བ་ནི་འཇིག་རྟེན་གྱི་སྐྱེ་འགྲོ་དག་ལ་བདེ་བ་སྦྱིན་མཁན་གྱི་མ་མ་ལྟ་བུ་ཞིག་ཡིན་ཤས་ཆེའོ། ། དེ་བས།ང་རང་དཀར་ཞིང་གཙང་བའི་ཁ་བའི་རང་མདོག་ལ་དགའོ། །



  • ལེ་ཚན་སྔོན་མ།:གྲང་རླུང་ཤུགས་ཀྱིས་ལྡང་བའི་མཚན་མོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།