ཡིད་གཅོང་ཡི་གེ།

ཐོར་བུ།        2023-03-23

ཁྱོད་ཀྱི་གྲུ་ཆུང་སྟེང་དུ་སྨེང་བ་བཞུར།།

བཞིན་རས་ཡིད་དུ་འོང་བ་ནད་པར་གྱུར།།

མིག་གཉིས་ཆུ་རྫིང་ནང་གི་པདྨ་ནི།།

རྙིད་དེ་མགོ་བོ་དུད་པའི་ཟླ་ལས་ཅི།།

ཁྱོད་ཀྱིས་ཆང་ཁང་ནང་དུ་རང་ཉིད་གཏོར།།

མི་རྣམས་དགུན་ཁའི་འཁྱག་རོམ་ནང་དུ་གཡུགས།།

མཛའ་བོའི་རྨི་ལམ་སྒོ་དྲུང་ཉི་མར་ལྡེ།།

ཁྱོད་ནི་ཅུང་ཙམ་བཟི་བའི་ཆང་མ་བཞིན།།

འཇིག་རྟེན་གཡོ་བྱེད་གླུ་ཉིད་ང་ལ་ལེན།།

ཁྱོད་ཀྱི་སྟོད་གོས་མདོག་ཁ་དམར་ལ་སྐྱ།།

རྩྭ་ལྗང་ཉི་འོད་གཉོམ་པོ་ནང་དུ་གཡེང་།།

ངས་ནི་རང་ཉིད་ཕྱེ་མ་ལེབ་ཅིག་གི།

རྣམ་ཤེས་ཉིད་ལ་སྤྲུལ་ཏེ་འཕུར་སྙམ་ཡང་།།

ནམ་མཁའི་སྒོ་མོ་ཧ་ཅང་ཆུང་དྲགས་པས།།

ཁྱོད་ཀྱི་གམ་དུ་འགྲོ་སའི་ས་མིག་མེད།།

དེ་འང་སྔོན་ལས་བཙན་པ་མིན་ནམ་སྟེ།།

ང་ལ་གདུང་བ་དྲག་པོ་ཡོད་དགོས་མེད།།

ད་ནི་རང་ཉིད་གས་ཆག་གང་སར་འཐོར།།

ས་འདིའི་ཁ་དོག་ཡིད་འོང་གང་དུ་སོང་།།

མེ་ཏོག་མཛེས་སྡུག་ཅན་དག་མི་མཐོང་བར།།

ཚེར་མའི་ཚོམ་བུ་འགའ་ལས་ཅི་ཡང་མེད།།

ངས་ནི་སྒྲུང་ཐུང་རྗེས་ཀྱི་མྱ་ངན་བཞིན།།

དངན་པ་གཅིག་གཅིག་གཉིས་གཉིས་མཁའ་ལ་སྤུར།།

ཤིན་ཏུ་འཁྱག་པའི་ཉི་འོད་གཉོམ་པོ་ནང་།།

ནང་སེམས་ཐ་སྙད་རྫིང་བུར་ག་ལེར་གཏོར།།



  • ལེ་ཚན་སྔོན་མ།:འཁྲེང་ཞེན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།