སྤྲིན་གྱི་རྫི་བོ།

གངས་སྨྱུག།        2023-03-23

རྫི་གླུ་སྙན་མོ་ཞིག་གིས་སེམས་ཀྱི་

ཚོར་སྣང་འདྲུད།

རླུང་བུ་འཇམ་པོ་ཞིག་གིས་ལུས་ཀྱི་

ངལ་དུབ་བསལ།

མིག་རྒྱང་རིང་དུ་འཕངས་ཏེ།

མཁའ་མཐའི་རི་ཚོགས་ལ་ཁེར་

ལབ་བྱེད་དུས།

སྤྲིན་པ་ལོང་ལོང་འདི་ཁྱོད་ཀྱི་

རྫི་རོགས་ཡིན་ལ།

ཉི་འོད་འཇམ་པོ་དེ་ཁྱོད་ཀྱི་

སེམས་རྟེན་ཡིན།

ཡུལ་དེ་ནས།

ཁྱོད་ཀྱི་ལུག་ཁྱུ་མིག་གིས་འཚོས་ཤིང་།

རྩྭ་ཐང་དྲན་པས་འཇལ་ཡོད།

ཆེས་བག་ཕེབས་ཀྱི་སེམས་བྱུང་རེ་རེ།

ཁྱོད་ཀྱིས་ནམ་ཡང་རང་ཉིད་སྤྲིན་

དཀར་གྱི་དབུ་ཞྭ་གྱོན་པའི་ལུག་

རྫི་དེ་ཡིན་པ་ཡིད་ལ་དྲན་ངེས།

གནམ་སའི་མཚམས་སུ་བརྐྱངས་

པའི་སྤང་ཐང་དེ་རུ།

ཁྱོད་ཀྱིས་ཕོ་རབ་ཅིག་གི་ཀི་རྒྱང་

བཏང་ཡོད་སྐད།

ས་དེ་ན།

ཁྱོད་ཀྱི་དཔའ་སྤོབས་ཡོད་ལ།

གནས་འདི།

ད་གཟོད་ཁྱོད་ལ་དབང་བའི་

སེམས་ཀྱི་བར་སྣང་དེ་ཡིན་ལ།

ཡིད་ཀྱི་རྒྱ་ཁྱོན་ཡང་ཡིན།


  • ལེ་ཚན་སྔོན་མ།:ཐོ་ལེ་ཤོར་བའི་ངག་མགུར།
  • ལེ་ཚན་རྗེས་མ།:འཁྲེང་ཞེན།