འབའ་ཐང་རྫོང་གིས་གྲོང་ཚོ་དང་ཁེ་ལས་མཉམ་ལས་བྱས་ནས་འབྱོར་ཕྱུག་ལམ་བུ་བཏོད།

རྟ་མགྲིན་རྡོ་རྗེས་བསྒྱུར།        2023-03-22

ད་ཡོད་ཀྱི་གྲོང་ཚོའི་ཐུན་མོང་ཐོན་ཁུངས་དེ་བས་ལེགས་པའི་སྒོ་ནས་བེད་སྤྱོད་གཏོང་བ་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཐུབ་ཆེད། ཉེ་བའི་ལོ་ཤས་རིང་། འབའ་ཐང་རྫོང་གིས་ཡུལ་ཤོག་དང་གྲོང་རྡལ་ལ་ཚོང་འགུགས་མ་འདྲེན་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་ཁེ་ལས་དང་ཐོན་ལས་མཉམ་ལས་ཀྱི་གྲོས་མཐུན་བཞག་སྟེ་གསོ་ཚགས་ཐོན་ལས་རྒྱུན་སྲིང་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུར་སྐུལ་འདེད་བཏང་བ་རེད།

ཕག་པ་གསོ་སྤེལ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོའི་བཟའ་བཅའ་དང་འབྲེལ་བ་ཡོད། ཉེ་ཆར། འབའ་ཐང་རྫོང་རྫོང་རྩ་གྲོང་རྡལ་ཤོད་པོ་གྲོང་ཚོ་དང་འབའ་ཐང་ཧུང་པོ་ཕྱུགས་ཟོག་བཤས་གཏོང་ལས་སྣོན་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་བར་ཕག་པ་གསོ་ཚགས་མཉམ་ལས་གྲོས་མཐུན་བཞག་ནས་ཕག་པ་གསོ་ཚགས་དང་ཐོན་སྐྱེད། བྲིན་ཚོང་བཅས་ཀྱི་ཐབས་ལམ་ཐོགས་མེད་བྱུང་ནས་ཤོད་པོ་གྲོང་ཚོའི་གསོ་ཚགས་ཐོན་ལས་ལ་ཚད་བརྒལ་གསར་པ་བྱུང་།

གྲོས་མཐུན་ནང་འབའ་ཐང་ཧུང་པོ་ཕྱུགས་ཟོག་བཤས་གཏོང་ལས་སྣོན་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གིས་མ་དངུལ་སྒོར་ཁྲི90དང་རྫོང་རྩ་གྲོང་རྡལ་ཤོད་པོ་གྲོང་ཚོས་མ་དངུལ་སྒོར་ཁྲི40བཏང་ནས་ཕག་པ500ནང་འདྲེན་བྱས། ཕྱོགས་གཉིས་སོ་སོས་བརྒྱ་ཆ50ཡི་མ་རྐང་བཟུང་བ་དང་། ཤོད་པོ་གྲོང་ཚོས་གསོ་ཚགས་བྱ་རྒྱུར་འགན་ཁུར་རྒྱུ་དང་ཧུང་པོ་སྤྱི་གཉེར་ཁང་གིས་བཤས་གཏོང་དང་བྲིན་ཚོང་བྱ་རྒྱུའི་འགན་འཁུར་རྒྱུའི་ཁ་ཆད་བྱས་པ་རེད། ཁེ་ཕན་མཉམ་སྤྱོད་དང་ཉེན་ཁ་མཉམ་འཁུར་གྱི་རྩ་དོན་གཞིར་བཟུང་ནས། བཤས་གཏོང་ཚད་དེ་ཉིན་དེའི་ཞིང་ཆེན་ནང་ཁུལ་གྱི་ཕག་པ་ཉོ་ཚོང་གི་རིན་གོང་མཐོ་ཤོས་དེ་ཚད་གཞིར་འཛིན་དགོས། སྔོན་དཔག་བྱས་ན་ལོ་འདིའི་ནང་བཤས་གཏོང་ཚད་ཕག་པ1000ལས་བརྒལ་ནས་བྲིན་ཚོང་ཡོང་འབབ་སྒོར་ཁྲི་300ལྷག་ཙམ་ཟིན་རྒྱུ་རེད།

ཕྱིར་ཚོང་བཤས་གཏོང་རིན་གོང་གཏན་འཁེལ་གྱི་ནང་སྲོལ་ནི་ཉིན་དེར་སི་ཁྲོན་ཞིང་ཆེན་ནང་ཁུལ་གྱི་ཕག་པ་ལས་རིགས་ཁག་གིས་བསྒྲགས་པའི་རིན་གོང་མཐོ་ཤོས་དེ་བརྩི་དགོས། ཉིན་དེར་ཕག་པ་ཉོ་ཚོང་གི་རིན་གོང་སྤྱི་རྒྱ་རེར་སྒོར22ལས་དམའ་ཚེ་ཕག་པ་གསོན་པོ་ཉོ་སྒྲུབ་ཀྱི་རིན་གོང་སྤྱི་རྒྱ་རེར་སྒོར3མཐོ་རུ་གཏོང་བ་དང་། ཉིན་དེར་ཕག་པ་ཉོ་ཚོང་གི་རིན་གོང་སྤྱི་རྒྱ་རེར་སྒོར22ལས་མཐོ་བ་ཡོད་སྐབས་ཕག་པ་གསོན་པོ་ཉོ་སྒྲུབ་ཀྱི་རིན་གོང་སྤྱི་རྒྱ་རེར་སྒོར3.6མཐོ་རུ་གཏོང་གི་རེད། ཧུང་པོ་སྤྱི་གཉེར་ཁང་གི་འབྲེལ་ཡོད་འགན་འཁུར་བས་མ་མཐའི་རིན་གོང་ཐོག་ནས་ཉོ་སྒྲུབ་བྱས་ཏེ་ས་གནས་དེ་གའི་ཞིང་དུད་ཀྱི་གསོ་ཚགས་ཧུར་བརྩོན་རང་བཞིན་སྐུལ་གང་ཐུབ་བྱས་ཡོད་ལ་རྒྱ་ཆེ་བའི་གསོ་ཚགས་དུད་ཚང་གི་རྗེས་ཕྱོགས་ཀྱི་སེམས་ཁྲལ་ཡང་བསལ་ཡོད་ཅེས་བཤད་པ་རེད།

ཡུལ་སྡེ་དར་རྒྱས་གཏང་དགོས་ན།ཐོན་ལས་ནི་རྨང་གཞི་ཡིན་ལ་ལས་གཞི་ནི་གནད་འགག་ཡིན། འབའ་ཐང་རྫོང་གིས་རྫོང་སྲིད་གཞུང་གི་ཚོང་འགུགས་མ་འདྲེན་སྲིད་ཇུས་ལ་བརྟེན་ནས་ཞིང་འབྲོག་ཞིང་སྡེ་དང་ཚན་རྩལ་ཅུས་ཀྱིས་སྣེ་ཁྲིད་པའི་འོག། འབའ་ཐང་རྫོང་རྫོང་རྩ་གྲོང་རྡལ་སྤང་ལམ་གྲོང་ཚོའི་བོད་བྱ་གསོ་ཚགས་ར་བས་སི་ཁྲོན་ཡིའུ་ཅ་ཕིན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་དང་འདོད་མཐུན་རང་བཞིན་གྱི་ཐོན་ལས་མཉམ་ལས་གྲོས་མཐུན་བཞག་པ་དང་། བཟོ་ཁང་བོགས་མར་གཏོང་བ་དང་སྒྲིག་ཆས་མ་རྐང་ནང་ཞུགས་པའི་བྱེད་ཐབས་བརྒྱུད་ཕྱོགས་གཉིས་པོས་བོད་བྱ་གསོ་ཚགས་སོགས་ཀྱི་ཐོན་ལས་མཉམ་ལས་འཕེལ་རྒྱས་གཏང་རྒྱུ་རེད།

ཕྱིན་ཆད། འབའ་ཐང་རྫོང་གིས་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ཚོང་འགུགས་མ་འདྲེན་ཧུར་ཐག་བྱེད་པ་དང་། གྲོང་ཚོ་དང་ཁེ་ལས་མཉམ་ལས་ཡི་འཕེལ་རྒྱས་ཐབས་ལམ་གསར་པ་བཙལ་ཏེ་གྲོང་ཚོའི་ཐུན་མོང་ཐོན་ལས་འཕེལ་རྒྱས་ལ་གསོན་ཤུགས་བསྣན་ནས་སེམས་ནུས་གཅིག་སྒྲིལ་གྱིས་ཡུལ་སྡེ་དར་རྒྱས་ཀྱི་མཛེས་སྡུག་གི་རི་མོ་བྲི་རྒྱུ་རེད།།



  • ལེ་ཚན་སྔོན་མ།:གཞིས་ཁང་གསར་པར་བསྡད། འཚོ་བ་གསར་པར་རོལ།
  • ལེ་ཚན་རྗེས་མ།:དར་མདོ་གྲོང་ཁྱེར་ཅུ་དཀྱིལ་ཡུལ་ཤོག་གོག་པ་གྲོང་སྡེས་ར་གྲོད་ཤ་མོ་རྨོས་ནས་ཡོང་འབབ་འཕར་ཐབས་བྱས།
  • དོ་སྣང་ཆེ་བའི་རྩོམ།