ཟླ་འོད་མེད་པའི་མཚན་མོར།

སྨྱུག་རྫི།        2023-03-13

༼ ཞར་བཀོད་གཅིག། ༽

ཟླ་འོད་མེད་པའི་མཚན་མོར།

སྨག་རུམ་གྱི་ཁ་དོག་ལྷིང་འཇགས་

ཀྱིས་སྤྲས།

ཟླ་བ་དང་སྐར་མའི་ཚོགས་ཀྱང་

ནུབ་པར་གྱུར།

འཇིགས་སྐྲག་གིས་མནར་བའི་མི་

བུ་ཚོ་རོལ་དབྱངས་ལ་འཁྲེང་ཞིང་།

རོལ་དབྱངས་གྱ་གྱུས།

སེམས་པ་ལྷོད་པར་བྱས།

ཟླ་འོད་མེད་པའི་མཚན་མོར།

སྟོང་ལྷང་ངེར་གནས་པའི་མུན་

པའི་ཐང་ཆེན་ནས།

ལྷ་ཚོགས་ཀྱི་མཐུ་དང་ནུས་

པའང་གཟིམས་པར་བྱས།

དངངས་སྐྲག་མེད་པའི་འདྲེ་ཚོགས་

ཀྱིས་སྒྲ་སྐད་འབྱིན།

སྒྲ་སྐད་གཉོམ་པོས།

ང་ཡི་སྐྲ་ལོ་རླུང་ལ་བསྐུར་སོང་།

ཟླ་འོད་མེད་པའི་མཚན་མོར།

ནག་ཐིང་ཐིང་གི་ས་ཆེན་གྱི་སྲང་

ལམ་ནས།

འབུ་སྲིན་དང་བྱ་ཁྱུའི་ཚོགས་ཀྱང་

ཉལ་བར་བྱས།

སྒེའུ་ཁུང་འགྲམ་ནས་ཤག་ཤག་

ཏུ་འབབ་པའི་

ཆར་རྒྱུན་རིང་མོས།

ང་ཡི་རྣ་བར་གཟན་པར་བྱས།

ཟླ་འོད་མེད་པའི་མཚན་མོར།

ལྷིང་འཇགས་ལ་འཁྲེང་བའི་སྙན་

ངག་པ་ཚོས།

མར་མེ་རྐང་གཅིག་མེ་སྒྲོན་རྗེས།

ཐ་སྙད་མང་པོ་ཞིག་འཚོལ་སྡུད་བྱས།

གར་འགྲོ་ངེས་མེད་ཀྱི་འབུ་མེ་

ལྕེབས་དག་གི་

ཚེ་སྲོག་གི་རིན་ཐང་མེའི་ཁ་ནས་རྫོགས།

ཟླ་འོད་མེད་པའི་མཚན་མོར།

འཇིགས་སྐྲག་དང་སྐྱོ་སྣང་སྣ་ཚོགས།

ངའི་རྨི་ལམ་གྱི་ནང་ལ་སྦྲང་ནག་

ལྟར་འཚང་འོངས།

མཚན་མོ་ནི་ཅི་ཞིག་རེད།

ས་ཡོངས་སུ་རུབ་རྗེས།

བར་སྣང་གི་རླུང་བུ་ཡང་གར་སོང་

ཆ་མེད་དུ་གྱུར།

མི་ཚོགས་ཀྱི་འཚང་ཁའང་རིམ་

བཞིན་ལྷོད།

བྱ་ཁྱུ་དང་འབུ་སྲིན་གྱི་ཚོགས་ཀྱང་

རང་ཁྱིམ་དུ་ལོག།

ནམ་མཁའ་ཧྲིལ་པོ་སྐར་ཚོགས་

ཀྱིས་ཡོངས་སུ་བཀང་དུས།

ནང་སེམས་ཀྱི་ཐ་སྙད་དག་ཤོག་ངོས་

སུ་དབང་མེད་དུ་བཞུར་འགྲོ།

ཚིག་གི་གཏང་རག་ལྷ་ཚོགས་ཀྱི་ཕྱོགས་

སུ་དབང་མེད་དུ་བཞུར་འགྲོ།

མཚན་མོ་ནི་ཅི་ཞིག་རེད།

མཚན་མོ་ནི་ནམ་མཁའི་རྒྱ་ཁྱོན་

ལྟར་ཡངས་པའི་འཇིག་རྟེན་ནས་

ལུག་ཁྱུ་དང་འབྲོག་ཐང་སོགས་ཅི་

ཡང་དྲན་བཞིན་པའི་

སྙན་ངག་པའི་གར་སྟེགས་ཞིག་སྟེ།

སྙན་ངག་པས་མཚན་མོ་ཁོ་ནར་ལོངས་

སུ་སྤྱད་དེ་ཅི་ཡང་འབྲི་སྲིད།

དྲྭ་མིག་ལས་མིག་ཟུང་གཉོམ་པོ་

ནམ་མཁར་ཅེར་དུས།

སུ་ཞིག་གི་སླད་དུ།

ཅི་ཡང་དྲན་བཞིན་པའི་ནང་

སེམས་འདིས།

སྔར་ལྟར་འཇིག་རྟེན་ལ་བསྐོར་བ་

བྱས་ཏེ་ཅི་ཡང་བཙལ་ཅིང་

ཅི་ཡང་བརྗོད་ངེས།



  • ལེ་ཚན་སྔོན་མ།:འབྲོག་ལ་འགྲོ་ཞོར་དུ་བྲིས་པ་ཞིག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།