འབྲོག་ལ་འགྲོ་ཞོར་དུ་བྲིས་པ་ཞིག།

དྲང་མདའ།        2023-03-13

ཉི་མའི་ཚ་དྲོད་ཧ་ཅང་སྙོམས་པ་དང་། །

ས་ཡི་མེ་ཏོག་ཚོགས་ཀྱང་མ་འཐོར་བཞད། །

འགྲོ་འདུག་གང་ཡང་སྣང་བ་སྤྲོ་བའི་རྒྱུ། །

དྲང་མདའ་སྤྲོ་བའི་སྣང་བ་མཁའ་དང་མཉམ། །

གནས་ཆུ་འོབ་ཆུ་རྫ་ཆུ་གཙང་ངེར་བཞུར། །

ཡུལ་ཚོ་དགོན་མདོ་འབྲོག་ཡུལ་གང་བལྟས་ཀྱང་། །

སེར་ཆེན་སེར་ཆུང་མེ་ཏོག་ཁྲ་ལམ་ལམ། །

འཆི་མེད་ལྷ་ཡི་དགའ་ཚལ་འདིར་འཕོས་སྙམ།

〈ཆུ་འ་འུར་〉ཆུ་ཁ་དཀར་ན་ཆུང་ཆུང་བྱིས་པ་ནས། །

གཞོན་དང་རྒས་པ་གླིང་བྲོ་སློབ་ལ་བྲེལ། །

ཕན་ཡོན་བྱིན་རླབས་ཚད་མེད་ལྡན་ནོ་ཞེས། །

དད་པའི་ལྷ་ཡི་ཟློས་གར་མང་དུ་མཐོང་། །

ཨ་ཡས་ཁ་ནས་ཉེ་རིང་ཡིན་མིན་གླེང་། །

གནའ་མིའི་ལོ་རྒྱུས་ཕྲ་ཞིབ་ངང་ནས་མོལ། །

ཕན་ཚུན་ཤེས་ཤིང་འཕྲད་སྐལ་དབེན་པ་ལས། །

ཤ་དང་ཁྲག་གི་འབྲེལ་ཡོད་མང་ཙམ་རྟོགས། །

སྐབས་རེ་བླ་མའི་བཀའ་ལུང་རྒྱབ་ཏུ་གཡུག །

ཐེངས་རེ་མི་བུ་ཕལ་བའི་ངག་ཀྱང་བརྩི། །

བསམས་ཞིང་བསམས་ན་ང་ཡི་ཕ་ཡུལ་འདིའི། །

གུས་པའི་རྣམ་པ་རེ་ལ་མཚར་སྣང་ཞིག །

ཚ་ཚ་བཏབ་ཅིང་མ་ཎིའི་རྡོ་ཕུང་བསྐོར། །

ཕར་ལ་བལྟས་ན་དད་ལྡན་ཆོས་པའི་གཟུགས། །

མི་རེའི་ལག་ན་ཕྲེང་བ་རེ་རེ་བཟུང་། །

མི་མཐོང་རྒྱབ་ན་རྣམ་འགྱུར་རི་མོ་རེ། །

ལ་ལས་གླིང་བྲོ་བསླབས་ནས་རྩེ་བར་འདོད། །

ཁ་ཅིག་རྟ་རྒན་བརྒྱུགས་ནས་རྩེ་བར་འདོད། །

ལོ་མང་སྡུག་གིས་མནན་པའི་ཕ་ཡུལ་བ། །

མི་སྐྱོ་དགུ་སྐྱོ་མྱངས་པས་ཁག་ཅི་ཡོད། །

ཐང་དཀར་མ་དང་རི་ནག་མ་མཐོང་ཚེ། །

སྔོན་ཞིག་བུ་རྟ་གཉིས་ཀྱི་རྩེད་མོ་ཞེས། །

འོབས་བུ་སྡེ་དགོན་ལྷན་དུ་འཛོམས་པ་ཡི། །

དགའ་སྐྱིད་ཉི་ཟླ་ལྷང་ངེ་སེམས་སུ་དྲན། །

ཡུལ་ཚོ་ནས་བཟུང་འབྲོག་ལ་ཐོན་པའི་བར། །

དགའ་ལ་སྡུག་པའི་ཚོར་བ་ཐེངས་མང་མྱོང་། །

ཡ་རབས་མ་རབས་མི་རེའི་ཁ་ནས་གླེང་། །

བདེན་རྫུན་གཏམ་གླེང་འདི་ལ་སྙིང་རེ་ན། །

འཇིག་རྟེན་པ་ལས་སྤྱོད་པ་དམན་པ་ཉིད། །

ཕལ་བའི་ཤེས་རབ་མེ་ལོང་ནང་འཆར་ཡང་། །

ད་དུང་མགོ་བོ་དགུང་ལས་མཐོ་བ་ཡི། །

ཁྲེལ་མེད་ངོ་ཚ་མེད་པར་ཡིད་རེ་ཆད། །

བསང་རྒོད་བཏང་ནས་རླུང་རྟ་ཨེ་དར་སྙམ། །

རྟ་རྒོད་བརྒྱུགས་ནས་སྣང་བ་ཨེ་སྐྱིད་སྙམ། །

ལས་འབྲས་མ་བརྩིས་ཀུན་དང་མི་མཐུན་པའི། །

གླེན་པའི་རྩེད་མོ་འདི་འདྲར་ཡིད་རེ་ཆད། །

བྱིས་པ་གཞོན་ཚོགས་ཤེས་རབ་འཕེལ་ལ་བརྩོན། །

ཆོས་པ་དགེ་བསྙེན་ཟུང་འཇུག་རྟོགས་ལ་གོམས། །

ཅི་ཡིན་འདི་ཡིན་མེད་པའི་གསར་བུ་ཡང་། །

ཡ་རབས་དམ་པའི་སྲོལ་ལ་ཞུགས་པར་སྨོན། །



  • ལེ་ཚན་སྔོན་མ།:ཨ་མ།
  • ལེ་ཚན་རྗེས་མ།:ཟླ་འོད་མེད་པའི་མཚན་མོར།