ཉི་ནུབ་ཚེས་རྗེས།

ནམ་ཤེས།        2023-03-02

༼ ཞར་བཀོད་གཅིག ༽

ཟླ་བ་གོར་གོར་ཞིག་མཁའ་ནས་ཤར་ཡང་།།

མུན་པ་ནག་ནག་ཅིག་མདུན་དུ་སླེབཡོང་།།

ལྡོག་མེད་ཆོས་ཉིད་ཀྱི་དཀའ་ཆད་ཟབ་མོས།།

སྙིང་སྡུག་ཁྱེད་རང་དང་རིང་དུ་བཀར་ཏེ།།

མི་འབྲལ་གཏན་འགྲོགས་ཀྱི་ལས་སྐལ་མ་བྱིན།།

ཡ་ཆུང་གངས་དཀར་གྱི་ཐང་གཞུང་འདི་རུ།།

ན་ཟུག་འབུམ་ཕྲག་གི་རྐང་རྗེས་སྤར་ཏེ།།

སྨྲེང་བ་མཐའ་མེད་ཀྱི་རྡོ་རིང་སློང་དུས།།

ཅང་མེད་ཁེར་རྐྱང་གི་དབུལ་པོ་ང་རང་།།

ཉི་ནུབ་ཚེས་རྗེས་ཀྱི་གནས་མལ་འདི་ནས།།

བྱ་ཁྱུ་འཕུར་རྗེས་ཀྱི་སྐྱོ་ངལ་རུམ་བཞིན།།

མི་ཚེའི་ཐག་པ་ལ་རྨི་ལམ་བརྒྱུས་ཏེ།།

ཚེ་ཡི་འདུ་བྱེད་ཀྱི་ལས་སྐལ་གཏོང་བ།།

ཆོས་ཉིད་གྲངས་མེད་ཀྱི་གནས་ལུགས་ཡིན་ནམ།།

སྒྱུ་མའི་མདངས།

སྒྱུ་མའི་གནས་ཚང་གཡར་བའི་ཁྱོད་དང་ང་རང་།།

མི་ཚེ་རིང་ཡང་ཐུང་ཡང་འཁོར་བའི་ཚལ་དུ།།

མིག་མེད་གྲོག་མའི་ལུས་ཀྱི་རྟེན་དུ་བཞེས་ཏེ།།

ཡང་ན་ས་འབུ་རྐང་མེད་ཅིག་ཏུ་བརྫུས་ནས།།

གླིང་བཞིས་རྒྱལ་ཁམས་གྲུབ་པའི་གནམ་སའི་མཚམས་སུ།།

མི་ཁོམ་བྲེལ་གྱིས་འདུར་བའི་ངང་ཚུལ་བསྟན་ཡང་།།

སྐྱེ་འཆི་ལས་ཀྱིས་བསྐོར་བའི་ར་བའི་ནང་དུ།།

ཚེ་ཡི་འཕེན་པ་རྫོགས་པ་ཆོས་ཉིད་ཡིན་ན།།

ཁུ་སིམ་སྐད་ཅིག་ཙམ་ཡང་རོལ་ཁོམ་མེད་པའི།།

འཇིག་རྟེན་སྒྱུ་མའི་མདངས་ལ་སྐྱོ་བ་སྐྱེ་གི།།



  • ལེ་ཚན་སྔོན་མ།:རྨི་ལམ་ལྷ་མོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།