སེམས་ཀྱི་དམ་པ།

གངས་ཅན་ཆོས་དབྱིངས།        2023-02-27

གངས་འདབས་དབྱངས་ཀྱི་འཁྲིས་སུ་རྣམ་པ་རོལ། །

དགེ་ལེགས་དགེ་བའི་ན་བུན་ཕྱོགས་བཅུར་འཕྲོས། །

མི་ཟད་བདེ་མཆོག་ཙན་དན་སྡོང་པོའི་གསང་། །

ཕངས་མེད་སྒྱུ་འཕྲུལ་མཁའ་ལ་ཉམས་ཀྱིས་ཞུགས། །

ཚངས་པའི་དབྱངས་ཀྱི་སྣང་བ་བདེ་བའི་གར། །

ལོག་མེད་སྤྱོད་པ་པདྨའི་འདབ་བརྒྱ་ཡིས། །

གང་དུ་བསྐྱོད་ཀྱང་འགྲོ་བའི་དོན་དུ་སྦར། །

སྣ་ཚོགས་ཐབས་ཀྱི་འདུལ་བ་བྱ་བ་པོ། །

མ་ལུས་ཤེས་བྱ་ཅིག་ཅར་རྟོགས་པའི་མཁའ། །

རྣམ་དག་བདེ་ཆེན་གསེར་ཆུ་རབ་ཏུ་བཞུར། །

དཔག་ཚད་གྲངས་མེད་མཐའ་ལས་རིག་འཛིན་པ། །

བློ་བཟང་རིག་པའི་ཟེར་ཕྲེང་སྒེག་པའི་དཔལ། །

སྣང་སྲིད་བདེ་བའི་མཆོག་སྟེར་མཆོག་གི་ལྷ། །

གང་ལ་བྱང་ཆུབ་བདེ་བའི་དབྱིངས་ཀྱི་རིགས། །

གསང་བའི་གསང་བ་མི་ཕྱེད་མཁའ་ལ་དེངས། །

ཚུལ་མིན་སྤྱོད་པ་དག་པའི་ཉམས་སྣང་བ། །

བདེན་པར་སྨྲ་མཁས་སྨྲ་བའི་དབང་གི་ཕྱུག །

དོན་གཉིས་དོན་དུ་རོལ་བའི་རྩལ་རྫོགས་པ། །

རྩོལ་མེད་རྣམ་པ་གང་རྒྱལ་རྒྱལ་བའི་རྒྱལ། །

རྒྱལ་མཆོག་མ་ལུས་སྙིང་པོས་དངོས་གྲུབ་སྩོལ།

བྱིན་རླབས་སྨན་ལྗོངས་སྤྲོས་མེད་མཁའ་ནས་འཛག །

ཚུལ་རོལ་མཐའ་འདས་ཐར་བའི་མྱ་ངན་མེད། །

ནམ་ཡང་གཡོ་བ་མེད་པའི་དབྱིངས་ཀྱི་དབྱིངས། །

གཡང་སའི་འདམ་ལས་བྲོས་པའི་རང་གྲོལ་པ། །

  • ལེ་ཚན་སྔོན་མ།:ལ་གཞས་ཀྱི་དབྱངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།