མུན་པ་མེད་ན་ཇག་རྐུན་ཇི་ལྟར་འབྱུང་།

ལུག་རྫི།        2023-03-02

མུན་པ་ནི་མིག་ཡ་གཅིག་བཙུམ་པའི་འཇིག་རྟེན་གྱི་ངོ་གདོང་ཕྱེད་ཀ་རེད། ཡ་གཅིག་གདངས་པ་དེས། ངལ་གསོ་སྒོར་མོར་བརྗེ་བའི་དཔལ་འབྱོར་གྱི་འགྲམ་ལྕག་བཟེད་པའི་དབུལ་ཕོངས་ཚོའི་སྙིང་རུས་མཐོང་ལ། ཡ་གཅིག་བཙུམ་པ་དེས། མ་རིག་པའི་ཁོར་ཡུག་ནས་མ་རིག་པའི་སྐྱེ་བོར་ཁུ་སིམ་གྱིས་བྱ་སྤྱོད་སྤེལ་སའི་ལམ་བུ་བཤངས་པ་དང་ཀུན་ནས་མཚུངས། གཉིས་ཀའི་དམིགས་ཡུལ་གྱི་རྒྱ་ཆེ་ཆུང་དང་བྱེད་ཐབས་ཀྱི་རིགས་འདྲ་མིན་དང་གོ་རིམ་གྱི་གྲངས་མང་ཉུང་ལ་ཁྱད་པར་ཆེ་ན་ཡང་། རང་རྒྱུད་ཀྱི་གྱང་ལོགས་སུ་དགེ་སྡིག་གི་ཚོན་རྩི་བྱུག་པའི་ཚོན་པ་ཞིག་གི་མིང་ཁུར་ཡོད་པ་འདྲ་འདྲ་རེད་ཨང་།

སྣང་མུན་གྱི་གནས་གང་དུ་ཚོན་ཅི་ཞིག་བཏང་བ་རྒྱུ་འབྲས་ཀྱི་སྤྱན་ལམ་དུ་སྒྲིབ་མེད་དྭངས་གསལ་གྱིས་མངོན་གྱི། དེ་ལ་གཡོལ་བས་ཀྱང་ཐར་དུ་མེད་མོད། འོན་ཀྱང་རྒྱུ་འབྲས་ལ་ཡིད་ཆེས་ཀྱིས་དབུལ་བ་དང་། དེ་ཡི་རང་ཞལ་ལ་བལྟར་མི་བཟོད་པ་དང་དེ་ནི་མི་སྡུག་པར་སྣང་བའི་གཡོ་སྒྱུ་ཝ་གཤིས་ཅན། མཚན་གུང་བདེ་ཅག་གཞན་ལས་འཁྱུག་པའི་ཇག་རྐུན་དག་ཁྱུ་ཁྱུ་དཔུང་བསྒྲིགས་ནས་འདྲ་མཉམ་དང་འགྲོ་ལུགས་ཀྱི་སྒོ་ཐེམ་མི་བརྒྱུད་པར། མགོ་རྔར་དམར་དྲི་བྲོ་ཞིང་བརྒྱུད་རིམ་ལྐོག་གྱུར་ཅན་གྱི་ནག་ལས་ལུ་གུ་རྒྱུད་དུ་ལྐོག་ལྐོག་སུད་སུད་ཀྱིས་བསྒྲུབས་དང་སྒྲུབ་ཀྱིན་ཡོད།

ངའི་དོ་སྣང་གི་མིག་འབྲས་ནམ་རྒྱུན་ནས་བོར་བ་ཡིན་ནམ། ཁོའི་གཡོ་ཁྲམ་གྱི་ལས་འགུལ་མངོན་ཆུང་གིས་སྤེལ་བས་ཡིན། མདང་ནུབ་གཞི་ནས་ཁོ་དང་ཁོའི་བྱ་སྤྱོད་ལ་དོ་སྣང་སླེབས་སོང་། མདང་དགོང་གཉིད་ཁར་ཆུ་ཁོལ་ཕོར་བ་གང་གི་རྗེས་ཕོར་གང་གིས་བསྙེགས་ཏེ་འཐུངས་ཆེས་པས་ན། ཐོ་རེངས་བྱ་སྐད་དང་བོ་གྲག་ཙམ་ན་ཅི་ཞིག་གིས་ང་རང་རྨི་ལམ་གྱི་ཞིང་ཁམས་ནས་དཀྲོགས་ཏེ་གསང་སྤྱོད་ཁང་དུ་དེད་བྱུང་། དུས་རྒྱུན་ནམ་གུང་ལ་སྒོ་ཁྱིའི་ཟུག་སྐད་ཙམ་ལས་ཐོས་སུ་དཀོན་པའི་དབེན་འཇམ་གྱི་གནས་བཟང་འདི་ནས། རྒྱུག་མ་འདུར་གྱིས་བགྲོད་པའི་རླངས་འཁོར་གྱི་འུར་སྒྲ་ཟམ་མི་ཆད་པ་ངའི་རྣ་ལམ་དུ་ཤར་གྱིས་འཚངས་བྱུང་། ངས་སྒྲ་གྲག་སའི་ཕྱོགས་དེར་རྒྱང་ལྟ་བྱས་པ་ན་ཕ་གིའི་རི་ངོས་ནས་རྒྱབ་སྒྲོན་དཀར་ལམ་མེར་བཀྱེས་པའི་རླངས་འཁོར་འགས། གཅིག་གཞུག་གཅིག་གིས་འཇུས་ཏེ་ཡར་འགྲོ་མར་འགྲོ་བྱེད་བཞིན་པ་མཐོང་། མོ་ཊ་ནི་ཐང་ཆད་པའི་བོང་རྒན་བཞིན་དལ་བུར་བསྐྱོད་ཚུལ་ལས་ལྗིད་ཆེ་བའི་ཁུར་གྱིས་འཁོར་ལོ་དྲག་ཏུ་མནན་ནས་ཅི་ཞིག་སྐྱེལ་འདྲེན་ལ་སྐུལ་བཞིན་པ་ཚོད་དཔག་ཐུབ། ཡིན་ཡང་ཁོ་བོས་དེ་ཙམ་མཉམ་འཇོག་མ་བྱས་པར་སོམ་ཉིའི་དྲ་རྒྱར་ཚུད་པའི་སེམས་པ་ཁྱེར་ནས་ཉལ་ཁང་དུ་ལོག

ནམ་ལངས་པ་དང་ངས་ཁ་གཏད་ཀྱི་ནགས་ཚལ་གྱི་རི་བོའི་ངོས་གཉིས་མིག་འོག་ཏུ་བླངས་པ་དང་། ང་ཚོ་ལ་རང་ཉིད་ཀྱི་མིག་མདུན་ནས་འཚར་ལོངས་བྱུང་ཡང་རྒྱུས་མེད་དུ་སྣང་བའི་ལས་གྲྭ་ཞིག དེ་དང་དེའི་སྦྱོར་དངོས་རྗེས་གསུམ་ང་ཚོའི་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་གོང་དུ་ཤེད་ཤུགས་རྒྱས་ཏེ་ཕ་རོལ་ན་སྟོབས་ཀྱིས་འགྱིངས་ནས་རྫིག་ཉམས་སྟོན་གྱིན་གདའ། དེ་ལས་གཞན་རི་རྐེད་ན་སྐེ་རགས་ས་ལ་འཕངས་འདྲ་བའི་ཁུག་པ་མང་བའི་ལམ་གསར་གྱ་མ་གྱུ་ཞིག་སྔོན་མེད་གསར་དུ་བཏོད་བཞག ཕ་གིའི་ལམ་དེ་སུའི་ཆེད་དུ་ལས་པ་རེད་དམ། རི་མགོ་ན་རུ་བ་ཡོད་པ་མིན་ནམ། ངས་ཡུན་རིང་ཅེར་ཀྱང་ས་ལམ་སྟེང་དུ་ཐལ་རྡུལ་འཚུབ་བེར་འགྲོ་མཁན་གཅིག་ཀྱང་མ་མཐོང་བས། ས་ལམ་དེ་ནི་མཚན་འགྲུལ་བྱེད་མི་ཁོ་ནར་དམིགས་ནས་བསྐྲུན་པའི་ལམ་ཞིག་ཡིན་པར་ཐག་ཆོད་སོང་།

ཨ་ཡ་མཚན། མདང་གི་རླངས་འཁོར་དག་གང་དུ་ཆས་སོང་། དེ་དག་གི་སྒལ་གཞུང་གི་ཁུར་བོ་དག་གང་ཞིག་ན་སུ་ཞིག་གིས་སྲུང་གིན་ཡོད། ཁ་ལོ་བ་དེ་དག་སྲིན་བྱ་འུག་པ་ཡིན་ནམ། ཉིན་དཀར་གྱི་འོད་ལ་ཟོན་བྱས་ཏེ་ཅིའི་ཕྱིར་མཚན་འགྲུལ་ཁོ་ན་བྱེད་པ་ཡིན། འོ་རེད། ངས་ཤེས་སོང་། ལམ་དེ་ཐུན་མོང་ལ་དབང་བའི་སྤྱིར་བཏང་གི་ལམ་ཞིག་མིན་པས། མི་སུའང་བགྲོད་ཆོག་པ་ཞིག་ཁྱོན་ནས་མ་རེད་ཨང་། ལམ་ཡིག་མཁོ། ཕྱུག་པོའི་ནོར་གྱིས་ཁུག་པའི་ལམ་ཡིག་མཁོ། བཙན་པོའི་དབང་གིས་ཐོབ་པའི་ལམ་ཡིག་མཁོ། དེ་ཕྱིར། ལམ་དེའི་འགྲུལ་བ་དག་ཀྱང་མི་རང་ག་བ་ཞིག་ག་ལ་ཡིན། ལམ་དེ་ཕྱུག་འགྱུར་གྱི་ལམ་སྣེར་མཐུད་ཡོད་པས། སླར་ཡང་ཕྱུག་པོ་འབའ་ཞིག་གིས་རྐང་རྗེས་བཞག་ན་ཆོག ཁོ་ཚོས་མཚན་སྨག་སྟུག་པོའི་ཁྲོད་ལམ་སྟེང་དུ་རླངས་འཁོར་གྱི་འཁོར་རྗེས་དཔར་ཐེངས་རེ་རེས། དངུལ་བྱང་གི་གྲོད་ཁོག་ཆང་རྐྱལ་གྱི་ལྟོ་བ་བཞིན་ཕྱི་ལ་འབུར་ལ། ཧམ་སེམས་ཀྱི་ཁུག་མ་སྨད་འཚོང་མའི་འདོད་སྲེད་བཞིན་ཁ་གང་རྒྱུ་མེད། དེ་ལྟར་ཡུན་གྱིས་སྐྱག་ལངས་ཤོར་བས། ཁྲེལ་དང་ངོ་ཚ། འདོད་ཆུང་དང་གྲོན་ཆུན་ཞེས་སྣུམ་ཞག་དོད་པའི་ཐ་སྙད་དག ཇག་རྐུན་ཚོར་མཚོན་ན་རང་གི་མིག་ནང་དུ་སོང་བའི་རྡུལ་བཞིན་དགོས་མེད་ལྷག་མ་དོར་རྐྱང་བྱེད་པའི་སྙིགས་རོ་ལྟ་བུར་གྱུར་ཡོད་པས། ཇག་རྐུན་དེ་ཚོས་ཧམ་པ་ཆེན་པོས་ཡང་སྙིང་ཅི་ཞིག་དབོར་གྱིན་ཡོད་དམ། ད་དུང་གང་ཞིག་འདྲུད་རྩིས་ཡོད། ད་ནི་ང་ཚོས་རང་གི་ཤུལ་བཞག་ལ་ཚང་རྩིས་བརྒྱབ་ནས་བོར་འགྱུར་གྱི་ནོར་བུ་རིན་པོ་ཆེ་འདི་དག་ཉར་ཚགས་བྱེད་རན་འདུག  • ལེ་ཚན་སྔོན་མ།:ཡང་སྙིང་བོར་བའི་ནམ་མཁའ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།