དུས་ཚོད་ཀྱི་གཡང་ས།

རི་སྤྱང་།        2023-02-14

གྲོགས་པོ་ཁྱོད་ཀྱིས་སྐྱེ་དངོས་ཡོད་ཚད་སྐྱེ་འཆིའི་གོ་རིམ་ལ་བསམ་གཞིག་བཏང་མྱོང་ངམ། དུས་འདས་པ། དུས་ད་ལྟ་བ། དུས་མ་འོངས་པ་གསུམ་རིམ་བཞིན་དུ་སྤེལ་མ་བྱས་ནས་འགོ་བརྩམས། མཐའ་མར་མཇུག་བསྡུས། ང་ཚོ་ཡང་དེ་ག་ནང་བཞིན་དང་པོ་སྐྱེས། བར་དུ་ནར་སོན། མཐའ་མར་རྒུད་པའི་གཡང་ས་རུ་འགྲོ་བ་ནི་རང་བྱུང་གི་ལྡོག་མེད་ཀྱི་སྣང་ཚུལ་ཞིག་རེད།

ངས་མཛུབ་མོ་ལྔ་བྲང་ལ་བཞག་ནས་ཡུན་རིང་ལ་དེའི་ཕྱོགས་ལ་བསམ་གཞིག་གི་སྒོ་མོ་ཕྱེས་རྗེས། བདག་གི་སྒེའུ་ཁུང་འགྲམ་གྱི་ལྗོན་ཤིང་དེའི་སྟེང་དུ། ང་རང་ནང་བཞིན་སྐྱེ་རྒ་ན་འཆིའི་འཁོར་ལོ་བར་མེད་དུ་འཁོར་བཞིན་འདུག། ལོ་གཅིག་གི་རིང་ལ་ཁ་དོག་དང་། མདངས་མི་འདྲ་བ་བཞི་དུས་གཅིག་ལ་རིམ་བཞིན་དུ་འཆར་ཡོང་། ངས་རང་ཉིད་ཀྱི་ངོ་གདོང་མཐོང་ཐབས་མེད་ཀྱང་། ང་ཡང་དེ་ག་ནང་བཞིན་འགྱུར་བཞིན་ཡོད་པར་གདོན་མི་ཟ་སྙམས་ནས་རང་ལ་སེམས་ཁྲལ་བྱས།

གློ་བུར་དུ་མེ་ལོང་ངོས་སུ་རང་ཉིད་ལ་ཞིབ་ཏུ་བལྟས། རང་ཉིད་གང་དུ་འདུག གང་དུ་འགྲོ་བཞིན་འདུག། ཞོར་དུ་འགྲོ་འདུག་ཉལ་འཆག་གི་ཕྱོགས་ལ་མནོ་བསམ་བཏང་། སྟོང་པའི་དབྱིངས་ཆེན་པོ་འདིའི་ནང་དུ་རྒྱུ་སྐར་བརྟན་སྐར་གྲངས་ལས་འདས་མོད། ང་ཡང་སྐར་རྡོག་གཅིག་གི་སྟེང་དུ་གནས་བཅས་པའི་གནས་སྐབས་ཙམ་གྱི་སྲོག་ཆགས་ཤིག་གི་སྐྱེ་བ་བླངས་ནས་ཡོད་པའི་སེམས་ཅན་ཞིག་སྟེ། སྨྲ་བརྗོད་ཀྱི་བྱེད་ནུས་ལྡན་པའི་མཐོ་རིམ་སྲོག་ཆགས་ཤིག་གི་སྐྱེ་བ་བླངས་ཡོད་པའང་རྟོགས་སོང་།

སྐབས་དེར་རང་ཉིད་ལ་ཡང་དྲི་བ་མང་པོ་ལྡོག་འདྲི་བྱེད་དགོས་བྱུང་། ༡ ཁྱོད་རང་རྩི་ཤིང་ནང་བཞིན་སྐྱེས་ཏེ་རྩི་ཤིང་ནང་བཞིན་འཆི་དགོས་སམ། ༢ ཁྱོད་རང་སྨྲ་བརྗོད་ཀྱི་བྱེད་ནུས་ལྡན་པ་ཙམ་ལས་དོན་དུ་ཚོང་ར་དག་ཏུ་ཀྲུང་ངེར་ལངས་པའི་འགྱིག་མི་ལྟ་བུ་ཞིག་ཡིན་ནམ། ༣ འཇིག་རྟེན་མི་ཡི་མི་ཚེའི་རིན་ཐང་གང་ཡིན། ༤ ཁྱོད་རང་ཆོས་ལུགས་པ་ཞིག་ཡིན་ནམ། ཆོས་ལུགས་མང་པོ་རིག་གཞུང་དང་གཏན་ཚིགས་གང་ཡང་མེད་པར་ཨུ་ཚུགས་དང་མཁྲེགས་འཛིན་བྱས་ཏེ་འཆང་བཞིན་ཡོད་པའི་རྗེས་འབྲངས་པ་ཞིག་ཡིན་ནམ། སྙིང་ཉེ་བའི་རང་ཉིད་ལགས། ཁྱོད་རང་དུས་ཚོད་ཀྱི་གཡང་ས་ལས་ཐབས་ལམ་གང་ཞིག་བརྒྱུད་རྩིས་ཡོད།



  • ལེ་ཚན་སྔོན་མ།:རྨ་འགྲམ་ནས་སྤྲིངས་པའི་འཕྲིན།
  • ལེ་ཚན་རྗེས་མ།:ལས་ཀྱི་འཆལ་མགུར།