མངར་སྐྱུར་འདྲེས་མའི་འཚོ་བ།

ལྡེའུ་ནག        2023-01-11

མཐའ་ཡས་པའི་འཇིག་རྟེན་འདི་ནས་ཁྱེད་ཅག་སུ་ཞིག་གིས་མངར་སྐྱུར་འདྲེས་མའི་འཚོ་བ་རོལ་བཞིན་ཡོད། ཁྱོད་ཚོས་བསམ་ན་ང་ཚོ་ཕལ་བའི་ལུས་སེམས་འཇུག་ལྡོག་ལས་བྱུང་བའི་འཚོ་བ་འདི་མངར་མོ་ཞིག་རེད་དམ། ཡང་ན་སྐྱུར་མོ་ཞིག་རེད། ཡང་ན་དེ་ལས་གཞན་པ་ཞིག་རེད། ངས་བསམ་ན་ང་འཚོའི་བ་འདི་མངར་མོ་ཞིག་རེད་ཅེས་བཤད་མི་མོས་ལ། སྐྱུར་མོ་ཞིག་རེད་ཅེས་དེ་བས་བཤད་ཐབས་མི་འདུག འོ་ན། ང་ཚོའི་འཚོ་བ་འདི་མངར་སྐྱུར་གང་ཡིན་ཞེ་ན། མངར་སྐྱུར་འདྲེས་མ་ཞིག་ལས་གྲུབ་ཡོད་པ་འདྲ། ང་ནི་མ་གཞི་ནས་རང་གི་འཚོ་བ་ལ་ཁ་ཕྱོགས་མ་བོར་མཁན་ཞིག་ཡིན་ལ། མ་འོངས་པར་ཡང་འཚོ་བའི་ཁ་ཕྱོགས་ལ་ཕུགས་བསམ་ཡོད་མཁན་ཞིག་ཡིན། ཕུགས་བསམ་དེ་ཡང་ཇི་ལྟར་འབད་པ་བྱས་ཀྱང་ག་དུས་ཡིན་ཡང་འགྲུབ་མ་མྱོང་བའི་མི་ཞིག་ཀྱང་ཡིན། ཧེ་ཧེ།

རེད་ཡ། ཉེ་ལམ་ཐང་ཆད་པའི་འཚོ་བའི་གམ་གཤིས་དེ། ཉེ་ལམ་ཧ་ཅང་སྙིང་ནད་ཕོག་པའི་འཚོ་བའི་བསླུ་བྲིད་དེ། དངོས་ནས་བཤད་བསམ་ཀྱང་མགྲིན་པའི་སྒོ་མོ་ནས་གཏན་ནས་ཡོང་ཐབས་མི་འདུག ཡིན་ཡང་སྐྱོ་གདུང་ནི་ཞོགས་པའི་བ་མོ་བཞིན་ཅུང་ཟད་ནས་ཉི་འོད་འཆར་བ་དང་ལྷན་དུ་ཡོལ་འགྲོ་བ་ལས། ཚེ་གཅིག་ལུས་གཅིག་ལ་མི་ཞིག་གི་སྟེང་དུ་གཏན་དུ་གནས་འདུག་པ་ཞིག་མིན་པ་འདྲ། ལོ་ཟླ་ནི་ཆུ་ཚོད་འཁོར་ལོ་བཞིན་བར་མཚམས་མེད་པར་ཤག་ཤག་གི་སྒྲ་དང་བཅས་ཏེ་འཁོར་བཞིན་པའི་བར་ལམ་ནས། ཚེ་སྲོག་ཀྱང་སྟོན་ཁའི་ལྕང་ལོ་ལྟར་རྒས་བཞིན་འདུག ཡིན་ཡང་འཚོ་བ་ནི་འགྱུར་ལྡོག་ཅི་ཡང་མེད་པར་ད་དུང་བདེ་བདེ་སྐྱིད་སྐྱིད་ཀྱི་འཆར་གཞིའི་ཀློང་ན་རྟག་བརྟན་གྱི་ངང་དུ་གནས་འདུག་ན་ཡང་། དོན་ངོ་མར་བསམ་ན་སྡུག་བསྔལ་གྱི་འཚང་ཁའི་ཁྲོད་ན་འདུག སྐྱོ་གདུང་གི་བསླུ་བྲིད་འོག་ན་འདུག རེ་དོགས་དང་རྨི་ལམ་མི་བདེན་པ་འབའ་ཞིག་གི་གསེབ་ན་འདུག

དུས་ཚོད་ལ་ཇི་ལྟར་རེ་བསྒུགས་བྱས་ཀྱང་། ཉིན་རེ་བཞིན་འདས་པའི་ཕྱོགས་སུ་ལོག་གིན་འདུག གཏན་ནས་ཕྱིར་འཚོལ་ཐབས་མེད་པའི་ཕྱོགས་སུ་ལོག་གིན་འདུགཞིབ་འདང་མ་རྒྱག་པའི་སྐྱོན་ཆ་ཞིག་གིས་དུས་ཚོད་ཀྱི་གམ་འགྲོས་ཁྲོད་ནས་ང་ཚོ་ལ་སྐྱོ་བ་ལྷག་པོ་ཞིག་གིས་མནར་བཞིན་འདུག མི་ཤེས། གློ་བུར་གློ་བུར་དུ་མི་སེམས་དང་འཚོ་བ་འགྱུར་སོང་། ཞེ་འདང་དང་དམ་ཚིག་འགྱུར་སོང་། གལ་ཏེ་འཚོ་བ་འདི་དག་ཐོག་མར་འགོ་བརྩམས་པ་ནས་བཟུང་གཏན་དུ་འགྱུར་བ་མེད་པ་ཞིག་ཡིན་ན། ངས་འཚོ་བ་འདི་མངར་སྐྱུར་འདྲེས་མ་ཞིག་རེད་ཅེས་གཏན་ནས་བཤད་མི་སྲིད།

ལུས་སེམས་དང་དབང་པོ་མི་དྭངས་པའི་སྐབས་སུ་སེམས་པར་སྐྱོ་གདུང་གི་སྨུག་པ་ཞིག་འཁྲིགས་འོང་གི་འདུག སྐབས་དེར་སེམས་པ་ལྷོད་ལྷོད་བྱས་ཏེ་བསམ་གཞིག་རེ་གཏོང་ན་འཚོ་བའི་ཁྲོད་ཀྱི་རྙོག་འཛིང་དང་། འཚོ་བའི་ཁྲོད་ཀྱི་འགྱུར་བ་འདིས་ཡོད་ཚད་ལ་ཁ་ལོ་བསྒྱུར་བཞིན་ཡོད་པ་རྟོགས་འོང་གི་འདུག ཡིན་ཡང་འདི་ལྟར་ཁ་ལོ་སྒྱུར་བཞིན་པའི་བྱེད་པོ་དེ་ཇི་ལྟར་འཚོལ་ཡང་འདི་རེད་ཟེེར་བའི་མཛུབ་མོ་ཀེར་ས་ཞིག་རྙེད་མ་སོང་ལ། འཚོལ་མོས་ཀྱང་མི་འདུག དངོས་སུ་ང་ཚོའི་མིག་གིས་མཐོང་ཐུབ་ས་ཞིག་ཡིན་ན་ངས་སྔ་མོར་ནས་གསོལ་འདེབས་དང་ཞུ་བ་བྱས་ཟིན། འོན་ཀྱང་མི་ཚེ་ནི་རིམ་བཞིན་ལོ་ཟླའི་སྒལ་གཞུང་ནས་མདང་ནུབ་རི་བོའི་ཕག་ནས་ཡལ་སོང་བའི་ཉི་ནུབ་ཇི་བཞིན་རྒྱང་རིང་གི་ས་རུ་ཞོགས་པར་གྱུར། འོན་ཀྱང་འཚོ་བའི་ཁྲོད་ཀྱི་དཀའ་སྡུག་ནི་གཏན་དུ་ཡལ་བ་མེད་པར་རིང་ནས་བབས་པའི་གཙང་པོ་བཞིན་ཤུགས་ཀྱིས་བཞུར།

མངར་ཁ་ཆེ་བའི་འཚོ་བ་ནི་བསླུ་བྲིད་ཡིན་ལ། སྐྱུར་ཁ་ཆེ་བའི་འཚོ་བ་ནི་སྐྱོ་གདུང་རེད་འདུག མངར་སྐྱུར་འདྲེས་པའི་འཚོ་བ་ནི་དེ་གཉིས་ལྷན་གཅིག་ཏུ་ལྡང་བའི་འཁོར་བ་ཡིན་པས། ལམ་ཁ་དེ་དག་གང་དུ་ཞོགས་ཀྱང་བདེ་བདེ་སྐྱིད་སྐྱིད་ཀྱི་ཚོར་བ་རྣལ་མ་ཞིག་དུས་ནམ་ཡང་རྙེད་དུ་མེད་པ་འདྲ། ཁྱོས་ཚོས་བསམ་ན་དེ་འདྲ་ཨེ་རེད།

  • ལེ་ཚན་སྔོན་མ།:འབྲོག་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།