ཨ་མ་མ་ལོ་སེམས་ཀྱི་ཁེན་ས་ཡིན།

སྨྱུག་རྫི།        2022-12-16

ཡུམ་ཆེན་ལགས། ང་ཚོའི་བླ་དང་སྲོག་གི་ཀ་བ། ཁྱེད་ནི་ང་ཚོའི་སེམས་ཁོང་དུ་ཉིན་མཚན་དབྱེར་མེད་དུ་བཞུགས་ཤིང་། ང་ཚོའི་བསམ་གཞིག་གི་ཁུག་སོ་ན་དུས་རྟག་ཏུ་བརྗིད་ཉམས་ཀྱིས་འགྱིང་ཡོད་པའི་མི་བུ་རླབས་ཆེན་ཞིག་ཡིན། ཨེ་མ་ཡུམ་ཆེན་ལགས། ང་ཚོས་ཁྱོད་ཀྱི་ལྷད་མེད་པའི་བྱམས་བརྩེའི་མིག་ཟུང་ལ། སྙན་པའི་ཚིག་གི་མཆོད་ཡོན་འབུལ་ན་འདོད་ལ། འཛུམ་པའི་ཞལ་ཁྱིམ་དྲོན་མོར། སྙན་ངག་གི་ས་ཞིང་ཞིག་ཀྱང་ལྷག་པར་བཟོ་ན་འདོད།

ཡུམ་ཆེན་ལགས། ང་ཚོའི་སེམས་ཀྱི་སྐར་མ་འོད་ཆེན། ཁྱོད་ནི་ང་ཚོའི་རྣམ་ཤེས་ཀྱི་གནས་མལ་དྭངས་མ། ང་ཚོའི་རིགས་རུས་ཀྱི་ཀློང་ན་ཀུན་ཏུ་འཚེར་བའི་ཨ་མ་བྲག་སྲིན་མོ། ཨེ་མ་ཡུམ་ཆེན་ལགས། ང་ཚོས་ཁྱོད་ཀྱི་འགྱུར་མེད་ལྷག་བསམ་གཙང་མར། མཆོད་མཆོད་བསྟོད་བསྟོད་ཀྱི་སྨོན་ལམ་ཞིག་འབུལ་ན་འདོད་ལ། དཀར་གཙང་དུང་གི་རུས་པར། གནམ་ནས་ལྷུང་བའི་ཁ་བའི་མེ་ཏོག་ཀྱང་ལྷག་པར་གཏོར་ན་འདོད།

ང་ཚོས་ལོ་ཟླའི་བར་གསེང་ནས། ཨ་མའི་ལང་ཚོ་དང་རྨི་ལམ་རུམ་ནས་ལོ་ངོ་ག་ཚོད་ཕྱིན། འཚོ་བའི་གཞིས་ཀ་ནས། ཨ་མའི་རྒས་གཉེར་དང་སྐྲ་དཀར་བསྒོམས་ནས་ཀྱང་ལོ་ངོ་ཇི་ཙམ་ཕྱིན། ཡུམ་ཆེན་ལགས། ཁྱེད་ནི་འགྲོ་བ་མིའི་ཚེ་སྲོག་གི་སྙིང་པོ། རིགས་རྒྱུད་གྱི་བང་མཛོད། ལྷག་བསམ་དུང་ལས་དཀར་བའི་བྱང་ཆུབ་སེམས་མ། སྙིང་རྗེ་རྒྱུད་ལ་མངའ་བའི་འགྲོ་བའི་མ་མ། ཁྱེད་ཀྱི་བཀའ་དྲིན་ནི་ནམ་མཁའ་ལས་རྒྱ་ཁྱོན་ཡངས་ཤིང་། རྒྱ་མཚོ་ལས་གཏིང་མཐའ་ཟབ།

ང་ཚོའི་ཨ་མས་དཀའ་སྡུག་གི་ངལ་བ་ག་ཚོད་མྱངས་ནས་ང་ཚོ་མི་ཡུལ་དུ་བཙས་པ་རེད། འཇིག་རྟེན་ན་ཆེས་ཡིད་དུ་འོང་བའི་མི་བུ་ག་ཙམ་མང་ཡང་། ང་ཚོ་ལ་རྟག་བརྟན་གྱི་བརྩེ་བ་དང་འགྱུར་མེད་ཀྱི་དུང་བ་སྟེར་མཁན་ནི་ཡུམ་ཆེན་རེད། ཡུམ་ཆེན་ལགས། བྱམས་བརྩེ་ཡིས་ཕྱུག་པའི་བྱང་ཆུབ་སེམས་མ། བུ་ཕྲུག་ཚོའི་སྙིང་ཁོང་ན་འཚེར་བའི་མར་མེ་ཚེ་འབར། ཁྱོད་ནི་བློ་ཁོག་ཡངས་ཤིང་། ནང་སེམས་ལ་དྲི་མས་མ་གོས་པའི་འགྲོ་བའི་ལྷ་མཆོག།

ཡུམ་ཆེན་ལགས། འགྲོ་བ་མིའི་ཚེ་སྲོག་གི་བདག་མོ། ཁྱོད་ཀྱི་བྱམས་བརྩེ་ནི་ཆེས་མཛེས་སྡུག་ལྡན་པའི་ཉི་ཟླའི་འོད་སྣང་དེ་ཡིན་ལ། ཁྱོད་ཀྱི་ལྷག་བསམ་ནི་དྲི་མེད་དཀར་གཙང་གི་དུང་དཀར་གཡས་འཁྱིལ་དེ་ཡིན། ཨ་མ་བྱང་ཆུབ་སེམས་མ། ང་ཚོས་འཇིག་རྟེན་མི་ཡུལ་དུ་མཛེས་སྡུག་གི་ལང་ཚོ་ངོམ་ཆོག་པ་ནི་ཁྱོད་ཀྱི་བཀའ་དྲིན་ཡིན་ལ། ང་ཚོས་མཐའ་མེད་སྤང་ཐང་ནས་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཆོག་པ་ནི་ཁྱོད་ཀྱི་སྐུ་དྲིན་ཡིན།

  • ལེ་ཚན་སྔོན་མ།:འདོགས་ནས་གྲོལ་བའི་སྒོ་ཁྱི།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།