བརྗོད་མི་ཚར་བའི་ཁྱོད།

ཟླ་སྲས།        2022-12-16

འོད་གསལ་ལྷ་ཡི་ཆོ་འཕྲུལ་འདི་ཀོ་ཡི། །

གྲེ་འགྱུར་དབྱངས་ཀྱི་རྫི་གླུ་མགྲིན་ལས་རྡོལ། །

ཐོལ་བྱུང་སྙན་ཚིག་ཆར་གྱི་ཟེགས་མ་ལས། །

ངག་རིག་ན་ཆུང་སྐྱེམ་པའི་ཆང་འདི་གསོལ། །

འདུ་འབྲལ་ཆོས་ཉིད་རང་གཟུགས་ཕྲ་མོ་ཡི། །

ལེགས་བྱས་གཟི་བྱིན་དཀར་པོ་གང་བསུབ་ཀྱང་། །

དྲན་པའི་གསོས་སུ་སྨིན་པའི་མི་བུ་དེར། །

བརྗོད་པ་བློ་ལས་འདའ་བ་ཡོད་མ་གྱུར། །

ཀུན་གསལ་ལྷ་ཡི་བུ་མོ་སྐྱ་སང་མ། །

མི་མངོན་ནམ་མཁའི་དབྱིངས་སུ་རྣམ་པར་བཀྲ། །

འདབ་བརྒྱ་དཔག་བསམ་པད་མའི་ལྟེ་བ་ནས། །

བརྗོད་ལས་ཚར་རྒྱུ་མེད་པ་དཔེ་ཉིད་ཁྱོད། །

ཁྱོད་འཛུམ་མེ་ཏོག་ལྡུམ་རའི་སྐྱེད་ཚལ་དུ། །

ང་ཡི་རྣམ་ཤེས་སྟོན་གྱི་ལོ་འདབ་བཀྲ། །

གཤེར་བ་རླུང་གི་ཤུགས་གླུ་འཐེན་པ་གན། །

ཁྱེད་རང་བརྗོད་པར་ཚར་རྒྱུ་མེད་པའི་ལྟས། །

ངག་རིག་ན་ཆུང་མགུ་བའི་ཆིག་ལབ་སྟེ། །

སླ་མོ་ཞིག་གི་འབྱོན་པར་དབེན་ན་ཡང་། །

གང་ཉིད་མགུ་བའི་དུས་ཤིག་མེད་ཚེ་ན། །

ཁྱེད་ཉིད་བརྗོད་པར་ཚར་རྒྱུ་དེ་བས་མེད། །

སྤྲིན་དཀར་ཟླ་ཤེལ་ལྗོན་པའི་ཡང་རྩེ་ན། །

ཉམ་ཆུང་གཤོག་ཟུང་ལྡེམ་པའི་ཐང་དཀར་ཞིག །

ཚིག་གི་སྐྱེམ་ཆང་བསྒྲིགས་པའི་མི་བོ་འདིས། །

བརྗོད་པར་ཚར་ལ་མེད་པ་དཔེ་ཉིད་ཁྱོད། །

དར་ལྕོག་མཁའ་རུ་ལྡེམ་པའི་མེ་ལོང་ངོས། །

རྒྱུ་སྐར་མིག་ཆུའི་ཕྲ་ཚོམས་འགྱུ་བ་གན། །

ཁྱེད་ཀྱི་ཞལ་འཛུམ་དངོས་མ་ཡིན་ཙང་ན། །

དོན་དམ་བརྗོད་ལ་ཚར་རྒྱུ་སྨོས་མེད་ཉིད། །

སྤང་ལ་མེ་ཏོག་བཀྲམ་པའི་གནས་མལ་ན། །

འོད་ཟེར་སྒྱུ་མའི་ཆོ་འཕྲུལ་རང་ནས་གསལ། །

ང་ཡི་སྐྱེ་བ་སྔོན་མའི་བག་ཆགས་ཀྱིས། །

ཁྱོད་རང་དབྱངས་ལ་འདྲེན་པ་ཚར་བ་མེད། །

ནགས་ཚལ་ལྗོན་འདབ་སྐྱེད་མོའི་ཚལ་ནང་དུ། །

བྱ་དེ་ཁྲུང་ཁྲུང་ཞིག་གིས་གཤོག་ལྡེམ་གཡོ། །

བདག་ཡིད་གར་མའི་འཁྱུག་རྩལ་ཡངས་པ་ན། །

དོན་དམ་བརྗོད་པར་ཚར་རྒྱུ་མེད་པ་ཁྱོད། །

ངག་རིག་མཆོད་པའི་ལྡིང་ཁང་དྲ་བའི་དབུས། །

ཁྱོད་ཞལ་འཛུམ་གྱི་གད་མོ་འཕྱུར་བ་གན། །

སྐལ་བཟང་བདག་ལ་གནང་སྐབས་ཡོད་ཙ་ན། །

སྙུག་རྩེར་འབེབས་པ་འདི་ཉིད་རྫོགས་མེད་གང་། །

  • ལེ་ཚན་སྔོན་མ།:བྱམས་དུང་གི་གླུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།