སྙན་ཚིག་ཐ་ལ་ལ་མོ།

སད་མ།        2022-12-09

ཨེ་ཧོ་ངག་རིག་ཟླ་བ་ཡིས། །

སྙན་ཚིག་ཀུན་མུད་འདབ་བརྒྱ་པ། །

ཁོང་ནས་དགོད་པའི་མཚར་སྡུག་གིས། །

ཡིད་ཀྱི་རྒྱ་མཚོ་འགོག་མ་ནུས། །

རིག་བྱེད་གདངས་ཀྱི་བདུད་རྩི་ཡི། །

བརླན་གྱིས་བྲན་པའི་མགྲིན་པ་ལས། །

བྱུང་བའི་སྙན་ངག་འདི་དག་གིས། །

ཡིད་ཀྱི་ངལ་གསོ་རབ་ཏུ་བསྒྲུབས། །

མི་སེམས་ཚོར་འདུའི་སྤྲིན་དཀར་གྱིས། །

འབབ་པར་བྱས་པའི་ཚིག་གི་ཆར། །

གཙང་པོས་བཀྲུས་པའི་ཟླ་བ་ཡིས། །

འགྲན་པའི་ཟོལ་ཡང་སྐྱེངས་པར་གྱུར། །

བརྒྱ་ཕྲག་ཡིད་ཀྱི་འོ་མཚོ་རུ། །

དབྱངས་སྙན་སྒྲོག་པའི་ངང་པ་འགས། །

སུན་པའི་འཇིག་རྟེན་ཟློག་བྱེད་དུ། །

ངག་གི་ཟླ་བ་བླངས་བར་བྱས། །

སྣ་ཚོགས་ལས་ཀྱི་སྟབས་ཁ་ཡིས། །

སྡེབ་ལེགས་དཔལ་གྱི་མཛའ་ན་མོ། །

དྲུག་ཅུའི་དགའ་སྟོན་དང་འགྲོགས་ནས། །

ཤིས་པའི་མེ་ཏོག་བཅས་པས་བསུས། །

སེམས་ཀྱི་དབྱར་དགུན་སྣང་བར་ཐིམ། །

སྣང་བའི་གླུ་དེ་སེམས་ལ་འདྲེས། །

སྣང་སེམས་ཡུག་གཅིག་འདྲེས་པའི་ངག །

སྙན་པས་བཏེགས་པའི་སྦྱོར་བ་ཡིན། །


  • ལེ་ཚན་སྔོན་མ།:སྙན་ངག་ཕྲིས།
  • ལེ་ཚན་རྗེས་མ།:ང་ཡི་འཇིག་རྟེན་སྐྱ་བོ།