རང་བྱུང་ཡིད་ཀྱི་སྣང་བརྙན།

ཁྲག་གདོང་།        2022-12-05

སྤྲོས་པའི་བུ་མོ་རྒྱང་རིང་མགྲོན་པོ་སེམས་དང་སེམས་པས་བསུ་བ་ནས།།

ལས་མཐུན་ཟླ་བས་སྟོང་ཉིད་བསམས་ཏེ་ཡིད་འོང་ཚོགས་ལ་སུན་པ་བྱུང་།།

ངག་རིག་གར་གྱི་རྒྱན་དུ་སྤྲས་པ་སྣ་ཚོགས་གཟུགས་ཀྱི་སྒྱུ་འཕྲུལ་ལ།།

ལས་སྨོན་དབུས་སུ་རྣམ་དག་དབྱངས་ཀྱིས་བརྩེ་བ་ཞིག་གི་ཚབ་ཏུ་འཆང་།།

སྙན་སྙན་ངག་གི་གླུ་རུ་བཀུག་ནས་ཞི་བའི་དབྱིངས་སུ་དལ་གྱིས་བཞུད།།

རང་བྱུང་དཔལ་ལ་ཡིད་འོང་ཞུགས་ཏེ་དགྱེས་པའི་ཞལ་རས་ལྷག་ཏུ་འཛུམ།།

མཐོང་བའི་མེ་ལོང་ཕྱི་གསལ་ནང་གསལ་ལས་ཀྱི་དར་སྐུད་སྙིང་ལ་སྦྲེལ།།

སྒྱུ་མའི་འགྲོས་ལ་སྣང་བརྙན་ཞིག་གི་རང་བཞིན་གསལ་བ་ཨེ་མ་རྨད།།

སྣང་བའི་ལན་ཆགས་གང་ལ་ཐོགས་པ་མྱོང་བ་ནང་གི་འཆར་ཡན་རྒྱུད།།

སེམས་ཚོར་དབར་གྱི་ཚིག་གི་མཛེས་པ་མི་རྟག་སྒྱུ་མའི་ལས་དང་འབྲེལ།།

ཀུན་རྟོག་རླབས་ཕྲེང་མ་འདྲིས་ཡུལ་ལ་དལ་བ་དལ་གྱིས་སྙིང་དང་ཉེ།།

ཞེ་འཁྲེང་དབུས་སུ་ཅི་ཡང་འཆར་བ་ལས་སྨོན་ཚོགས་ཀྱི་བཀོད་པ་ཡིན།།

ལྷིང་ཞིང་འཇགས་པའི་མཚན་མོའི་གུང་དུ་མཚོ་བྱུང་ཟླ་བ་ལྷ་མོ་མཛེས།།

བསིལ་རླུང་ཇི་བཞིན་ཚོར་བའི་ལས་ལ་དགའ་བདེ་གཉིས་ཀྱི་སྣང་བ་རྒྱས།།

ཉམས་འགྱུར་བརྒྱ་དང་སྟོང་ཕྲག་དབུས་སུ་བསླུ་མེད་དབྱངས་ཀྱི་ང་རོ་དེ།།

ཞེ་སྙིང་གཏིང་དུ་སྟངས་སྟབས་ཅན་ཏེ་མེ་ལོང་དང་མཚུངས་ཕྱི་ནང་གསལ།།

སྙིང་དུ་སྡུག་པ་ལང་ཚོའི་མེ་ཏོག་མཛེས་སྡུག་རྫོགས་ནས་ཡིད་འོང་སྨིན།།

ལན་ཆགས་གསེང་དུ་འཆར་ཡན་ཚོགས་ལ་གཡུ་ཡི་ཕྲེང་བ་དྲན་སླ་བས།།

ལྷ་ཡི་ལྷ་མོས་རྒྱུད་མངས་དཀྲོལ་བ་དབྱངས་ཅན་དགྱེས་པའི་ངག་ཏུ་བླངས།།

སྒྱུ་མའི་མདངས་ལས་ཅི་ཡང་དྲན་ནས་སྣང་ཚུལ་རིང་མོ་རླབས་བཞིན་གཡོ།།

སྣ་ཚོགས་སེམས་སུ་དྲན་སྣང་ཅི་རྒྱུད་འཚོ་བའི་གཞུང་དུ་ལས་ཀྱིས་བསྒྲིགས།།

རྟོག་འགྱུ་ཀློང་ནས་སྒྱུ་འཕྲུལ་ཚོགས་ལ་ཐོལ་བྱུང་སྣང་བས་དགའ་སྟོན་བྱ།།

ཕྱི་རོལ་ཡུལ་གྱི་འཆར་ཡན་གྲངས་མེད་ལད་ཟློས་ཤིག་གི་རྣམ་པར་བཞིན།།

ཚེ་འདིའི་ལས་དང་ཉམས་འགྱུར་ཞིག་གི་རང་བཞིན་ཚོར་བས་རབ་ཏུ་ལྕི།།

ངག་རིག་སྤྲོས་པའི་གར་ལ་འཁྲེང་ནས་སྲིད་པའི་ཆོ་འཕྲུལ་ཡིད་དུ་ལྡང་།།

ཐོལ་བྱུང་འཆར་ཡན་རྒྱང་རིང་བརྒྱུད་ཀྱང་ལས་ཀྱི་རླུང་བུ་གང་ལ་ཕྱོགས།།

མེ་ཏོག་བཞད་པའི་ལྡུམ་རྭའི་དབུས་སུ་གཡུ་སྦྲང་བུང་བས་རྩེད་དགར་རོལ།།

ནམ་ཟླའི་འགྱུར་བ་དལ་གྱིས་ཟད་པས་གྱེས་བྲལ་ཚོགས་ཀྱི་སྣང་བ་བྱུང་།།

མི་རྟག་གློག་ཕྲེང་ཉེ་བའི་དུས་སུ་སྣང་ཚུལ་དཔག་མེད་སྙིང་ལ་བབས།།

ཡུན་རིང་ཀློང་གི་མ་བཅོས་ལས་དབང་སྐད་ཅིག་གཅིག་གི་མགྲོན་པོ་ཞིག།

འདུ་འབྲལ་ཁྲོད་ནས་བར་ཐག་བཀྱེད་དེ་མི་འདོད་ཡིད་ཀྱི་སྣང་བ་ཡང་།།

རྒྱུས་མེད་ལས་ཀྱི་བཀོད་པ་ཞིག་གིས་སྟོང་པ་ཉིད་ཀྱི་རང་མདངས་གསལ།།

  • ལེ་ཚན་སྔོན་མ།:སྟོན་ཟླ་མཐའ་མ།
  • ལེ་ཚན་རྗེས་མ།:ཀ་རྩོམ་རིམས་འགོག་བཟློག་ཆེན།