བརྩེ་གཞས་རླུང་འགྲོག་མ།

འཆི་མེད་ཚེ་རིང་།        2022-11-30

དྲན་ཤེས་འཕྲུལ་འཁོར་གཞོག་པའི་ཚེར་མའི་ལམ་དུ།།

མཆི་མའི་རྡོག་སྒྲ་ཡོད་རུང་མ་ཡོད་ཆོག་སྟེ།།

ཁོ་བོ་ཉིད་ལ་ཡོད་པའི་སྐྱིད་ཆུའི་ཕྲེང་བ།།

ལོ་མའི་དར་འཕྲུ་འོག་གི་གདམ་ཀ་ཡིན་རེད།།

ཁྱོད་ནི་ཟམ་ཟིམ་ཆར་དང་སྐར་མའི་རི་མོ།།

ཐོ་རངས་དྲན་པའི་མཐིལ་ནས་ཚུར་ལ་འཁོར་བྱུང་།།

སྒྲོ་ཆུང་གཡའ་མའི་འཐབ་པའི་གཙང་པོའི་རྒྱང་གླུ།།

སྟོང་གཟུགས་དུམ་བུར་བསྡོངས་ཏེ་འདི་ཀར་ལྕེབས་བྱུང་།།

རྟག་པར་ཉི་ཟླའི་གྲུ་ལ་ལས་འཕྲོ་གཏོང་བའི།།

འཚོ་བའི་བྱེའུ་ཆུང་འདི་ལ་གསོན་ཉམས་བྲལ་ཡང་།།

མེ་ཏོག་སྙིང་ལ་བསྐུངས་པའི་ཞེ་འདང་རུམ་གང་།།

སྙིང་རུས་དུར་ཁར་བཏབ་ཀྱང་འབྱོ་ས་མ་རེད།།

ཚེ་གཅིག་འདུན་པའི་རྒྱང་སོ་སྙིམ་པར་བཅུག་སྟེ།།

སྐྱོ་སུན་སྨུག་པའི་མཚོ་ལ་ཡིད་གདུང་རྐྱལ་བས།།

དྲན་སེམས་ཞི་བའི་མཆི་མ་ཁྲིག་ཁྲིག་སྒྲ་བཅས།།

སྨིན་མའི་རྩེ་རུ་བསྲིངས་ལ་གཤོལ་ཐབས་མི་འདུག།

སེམས་པས་ཡང་ཡང་རེག་ན་ཡང་ཡང་བཀྱེད་པའི།།

ནམ་མཁའ་སྔོན་པོ་འདི་ལ་མུ་མཐའ་མེད་ཀྱང་།།

དུང་ཞེན་ཆུ་རྒོད་གདུ་བའི་སྒོ་རའི་མཐོངས་ལ།།

བརྩེ་བའི་སྐལ་དུ་ལྷུང་བ་གྲིབ་བསིལ་འདི་ཡིན།།

འདམ་དང་རྡུལ་གྱིས་ཕོག་པའི་སྐྱེ་འཆིའི་གླིང་ག།།

རོ་དང་དྲི་མའི་གཟུགས་ལ་རྔ་རྔོག་གཡེང་བས།།

སོམ་ཉི་དར་ཚིགས་ངོགས་ནས་གྲོལ་དུས་མེད་ཀྱང་།།

ལས་བསྐོས་འདབ་མ་ཞིག་ལ་སྲུང་མདུད་བསྣར་ཡོད།།

སྤྱིལ་བུ་སྙེ་མས་བརྡབས་པའི་མི་ཚེའི་ཤོག་སྟོང་།།

དུད་སྤྲིན་གྱ་མ་གྱུ་ལས་བརྒལ་དགོས་བྱུང་རུང་།།

རྨི་ལམ་སིལ་མའི་ནང་གི་སྐྲ་ཉག་རེ་རེ།།

བར་དོའི་ཉིན་སྲུབ་དབྱི་ཉིན་ལྷག་པར་དྲན་ནོ།།


  • ལེ་ཚན་སྔོན་མ།:གདུང་སེམས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།